རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-03-02   རྩོམ་ཁུངས།   
ལོ་གསར་གནམ་གང་ལ་མི་ཚང་མས་དགའ་དགའ་སྤྲོ་སྤྲོའི་ངང་མཉམ་དུ་འཛོམས་ནས་ལོ་གསར་གཏོང་བའི་སྐབས་སུ།འཇོལ་རྫོང་ཡུན་ལིན་ཤང་སྦྲག་སྲིད་ཁང་གི་སྦྲག་སྐྱེལ་བ་ཉི་མ་ལྷ་མོས་སྔར་བཞིན་རང་གི་ལས་གནས་བརྟན་སྲུང་བྱས་ནས།བྲེལ་ཚུབ་ཀྱི་ཁྲོད་ནས་རང་ལ་དབང་བའི་ཐུན་མོང་མ་ཡིན་པའི་ཁྱིམ་མི་མཉམ་འཛོམས་ཀྱི་དུས་ཆེན་གཏོང་བཞིན་འདུག
རྒྱལ་སྤྱིའི་སྦྲག་ཚོགས་ཀྱི་གར་སྟེགས་སྟེང་བུད་པའི་གྲོང་གསེབ་ཀྱི་བུད་མེད་འཕྲིན་སྐྱེལ་བ་ཨང་དང་པོ་དང་།རྒྱལ་ཡོངས་ཀྱི་བུད་མེད་བྱས་རྗེས་འཇོག་མཁན་གྱི་དཔེ་དམག རྒྱལ་ཡོངས་ཀྱི་ཕུལ་བྱུང་སྦྲག་སྐྱེལ་དཔེ་བཟང་མི་སྣ། ཀྲུང་གོའི་ཕུལ་བྱུང་གཞོན་ནུ་བཅུ་ལ་སོགས་པའི་མཚན་སྙན་གྱི་འོག་ཏུ། ལོ་ན་40 ལ་སླེབས་པའི་ཉི་མ་ལྷ་མོའི་སྔར་བཞིན་ལོ་བཅུ་གྲངས་སོང་ཡོད་པའི་སྦྲག་སྐྱེལ་རྒྱབ་ཁུག་དེ་ཁུར་ནས་རི་མཐོ་གཡང་གཟར་གྱི་ཁ་བའི་ལྗོངས་སུ་མུ་མཐུད་ནས་སྦྲག་སྐྱེལ་གྱི་ལས་ཀ་བརྟན་སྲུང་བྱས།
དེང་སང་།གྲོང་གསེབ་གཞུང་ལམ་གྱི་འཛུགས་སྐྲུན་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་པ་དང་བསྟུན་ནས།འབྲེང་ཐག་བུ་མོ་འབྲེང་ཐག་བརྒྱུད་ནས་སྦྲག་རྫས་ནམ་ཡང་སྐྱེལ་མི་དགོས།འོན་ཀྱང་།དྲ་རྒྱའི་འཕེལ་རྒྱས་དང་བསྟུན་ནས་དེ་བས་མང་པའི་མིས་དྲ་ཐོག་ནས་དངོས་རྫས་ཉོ་བར་དགའ་བས།སྦྲག་རྫས་གྲངས་འབོར་ཆེས་ཆེར་འཕར་བ་རེད།ད་ལོའི་ལོ་གསར་གྱི་སྔོན་དུ།སྦྲག་རྫས་རྣམས་བདེ་བླག་ངང་ཉོ་མཁན་གྱི་ལག་ཏུ་འབྱོར་ཆེད།ཉི་མ་ལྷ་མོས་ཉིན་རྒྱུན་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ནས་ལས་སྒྲུབ་བྱས་པར་བྲེལ་པས།རང་ཁྱིམ་གྱི་ལོ་གསར་མཁོ་ཆས་ཉོ་སྒྲུབ་དང་གཙང་སྦྲ་བྱེད་པའི་ཁོམ་ལོང་མེད་པ་མ་ཟད།ཐ་ན་རང་གི་ཁྱོ་ག་ཡང་མོའི་སྦྲག་སྐྱེལ་རླངས་འཁོར་གྱི་ཁ་ལོ་བར་གྱུར་འདུག
གནམ་གང་གི་ཉི་མོར་ཉི་མ་ལྷ་མོ་བཟའ་ཟླ་གཉིས་ཀྱིས་དུད་ཚང་རེ་རེ་བཞིན་སྦྲག་རྫས་སྐྱེལ་མགོ་བརྩམས།སྦྲག་སྐྱེལ་གྱི་གོ་རིམ་ཁྲོད།ཉི་མ་ལྷ་མོས་ཡིག་ཟམ་འབྱོར་ཐོ་ལམ་ལུགས་ལག་བསྟར་ནན་མོ་བྱས་པ་དང་།ཞིབ་ཚགས་སྒོས་སྦྲག་རྫས་རེ་རེ་སྐྱེལ་བ་དང་ཆབས་ཅིག་སྦྲག་དོན་ལས་སྒོ་དྲིལ་བསྒྲགས་བྱེད་རྒྱུའང་བརྗེད་མེད།
སྦྲག་སྐྱེལ་རླངས་འཁོར་གང་སྐྱེལ་ཚར་བའི་སྐབས་སུ།རྣ་འགྲམ་དུ་ཤོག་སྦག་གི་སྒྲ་གཅིག་རྗེས་གཉིས་མཐུད་ཀྱིས་གྲགས་བྱུང་།ཁྱིམ་དུད་ཚང་མས་བྲེལ་ཚུབ་ཀྱི་སྒོ་ནས་ལོ་གསར་གནམ་གང་གི་ཟ་མ་གྲ་སྒྲིག་བྱེད་བཞིན་ཡོད།ཉི་མ་ལྷ་མོས་འཚམས་འདྲིའི་དངོས་རྫས་ཁྱེར་ནས་ཡང་བསྐྱར་དབུལ་ཕོངས་ཁྱིམ་དུད་ལ་འཚམས་འདྲི་གནང་བའི་ལམ་དུ་ཆས།
ལོ་ངོ་བཅུ་ལྷག་གི་རིང་དུ།ཉི་མ་ལྷ་མོས་ཉིན་ཐོག་ཉིན་བརྩེགས་ཀྱི་སྒོ་ནས་གངས་རི་དང་གྲོག་རོང་བར་དུ་སྐྱོད།ལམ་ཐག་སྤྱི་ལེ་འབུམ་གཅིག་མི་ཚད་བརྒལ་ཡོད་ལ།སྦྲག་ཐེངས་གཅིག་ཀྱང་ནོར་མྱོང་མེད།སྦྲག་རྫས་ཅིག་བོར་མ་མྱོང་།མོས་ངའི་ལས་ཀའི་སྤྲོ་སྣང་ནི་རི་ཁུལ་མང་ཚོགས་ཀྱི་ལག་ཏུ་ཡི་གེ་འབྱོར་སྐབས་ཀྱི་འཛུམ་བསྟན་དེ་ཡིན་ཞེས་བཤད་བྱུང་།པདྨ་མཚོས་བསྒྱུར།