ཚོགས་ཆེན་གཉིས་ཐོག་མ་འོངས་པར་ཆེད་ལས་འདི་དག་བྲིན་པའི་བརྡ་བསྟན་འདུག

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-03-13   རྩོམ་ཁུངས།    ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

        ཚོགས་ཆེན་གཉིས་ཀྱི་ཐོག་ནས་བཏོན་པའི་ཆ་འཕྲིན་གལ་ཆེན་ཧ་ཅང་མང་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་པ་དང་ཚོ་ཆུང་མང་པོར་ཞུགས་ནས། དམངས་འཚོའི་སྐོར་ནས་མང་དུ་གླེང་ཡོད།དཔེར་ན་ཧྲན་ཏུང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས།ཁོང་གིས་ཞིང་ལས་དེ་མདུན་ལམ་ཆེན་པོ་ལྡན་པའི་ཐོན་ལས་ཤིག་ཏུ་བསྒྱུར་དགོས་ཞེས་ནན་བཤད་གནང་ཡོད་པ་དང་། ཚོགས་ཆེན་གཉིས་ཀྱི་གསར་འགྱུར་ལྟེ་གནས་སུ་འཚོགས་པའི་གསར་འགོད་པའི་ཚོགས་འདུའི་ཐོག་དང་སྲིད་གཞུང་ལས་དོན་སྐོར་གྱི་སྙན་ཞུའི་ནང་དུའང་ཀུན་གྱི་འཚོ་བ་དང་ལས་ཞུགས་བཅས་དང་འབྲེལ་བ་དམ་ཟབ་ཡོད་པའི་གནས་ཚུལ་གང་མང་སྤེལ་ཡོད།དེ་ན་མ་འོངས་པར་མདུན་ལམ་ཆེན་པོ་ལྡན་པའི་ཆེད་ལས་གང་དག་ཡོད་དམ།

        གཅིགཞིང་ལས་རིགས་ཀྱི་ཆེད་ལས།     

        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚེས་8ཉིན་གྱི་སྔ་དྲོ་ཧྲན་ཏུང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་དང་།གྲོང་སྡེའི་དར་རྒྱས་སྐོར་གླེང་སྐབས་ཞི་ཅིན་ཕིང་གིས་མ་འོངས་པརེ་ཆེད་ལས་ཞིང་པ་ནང་འདྲེན་བྱེད་དགོས་པ་དང་།སློབ་ཆེན་པ་དང་ཐ་ན་རྒྱལ་ཕྱི་ནས་ལོག་པའི་ཤེས་ལྡན་མི་སྣ་རང་འགུལ་ངང་ཞིང་ལས་གཉེར་དུ་འགྲོ་རྒྱུ་དང་།ཞིང་ལས་དེ་མདུན་ལམ་ཆེན་པོ་ལྡན་པའི་ཐོན་ལས་ཤིག་ཏུ་བསྒྱུར་དགོས་ཞེས་ནན་སྟོན་གནང་ཡོད།  ཚེས་7ཉིན་ཞིང་ལས་པུའི་པུའུ་ཀྲང་ཧན་ཁྲང་ཧྥུའུ་ཡིས་གསར་འགོད་པའི་ཚོགས་འདུའི་ཐོག་ཏུ།ཐོན་ལས་འཕེལ་རྒྱས་དང་བསྟུན་ནས་ཞིང་པའི་ལས་རིགས་ནི་ཡིད་འཕྲོག་ནུས་པ་ལྡན་པ་ཞིག་ཏུ་འགྱུར་སྲིད་པ་བསྟན་ཡོད།

        སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་།ཞིང་ནགས་ཕྱུགས་ཉ་ལས་རིགས་དང་སོན་འདེབས་ལས་རིགས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་དང་།དེང་རབས་ཞིང་ལས་ཐོན་ལས་གླིང་དང་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཁྱད་ལྡན་ཁུལ་འཛུགས་སྐྲུན་མགྱོགས་སུ་གཏོང་བ།འབྲུ་རིགས་ཐོན་སྐྱེད་བརྟན་པོ་དང་ལེགས་སུ་གཏོང་བ་དང་། གཉེར་སྐྱོང་གི་གྲུབ་ཆ་གཙོ་བོ་གསར་པ་གསོ་སྐྱོང་། ཞིང་དུད་ཆུང་ཆུང་ལ་ཕྱོགས་པའི་སྤྱི་ཚོགས་ཅན་གྱི་ཞབས་འདེགས་ནུས་པར་ཤུགས་སྣོན། དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་མདུན་ལམ་ཡག་པོ་ཡོང་པར། ཞིང་ལས་ཆེད་ལས་ཤེས་ལྡན་མི་སྣ་མཁོ་བའི་སྐོར་བཏོན་ཡོད།

        གཉིས། IT དང་འཕྲིན་གཏོང་ལས་གྲྭ་དང་། སྒུལ་ཤུགས་ལས་གྲྭ། རླངས་འཁོར་གྱི་ལས་གྲྭ་དང་རྒྱུ་ཆ་རིག་པ།

        ད་ལོའི་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་། སྨན་བཅོས་དང་། རྒན་གསོ། སློབ་གསོ། རིག་གནས། ལུས་རྩལ་སོགས་ཁྱབ་ཁོངས་མང་པོར་“ དྲ་སྦྲེལ་+ ” ཁྱབ་སྤེལ་དང་།དྲ་རྒྱའི་མྱུར་ཚད་མགྱོགས་གཏོང་དང་གྲོན་གཅོག་བྱེད་ཤུགས་ཆེ་རུ་བཏང་ནས།གྲངས་འཛིན་ཅན་གྱི་ཀྲུང་གོ་འཛུགས་སྐྲུན་ལ་ཤུགས་སྣོན་དང་རོགས་སྐྱོར་བྱེད་དགོས་པ་དང་།འདུས་གྲུབ་གློག་ལམ་དང་།སྤོ་འགུལ་འཕྲིན་གཏོང་རབས་ལྔ་པ།གནམ་གྲུའི་སྒུལ་བྱེད་འཕྲུལ་འཁོར་དང་།ནུས་ཁུངས་གསར་པའི་རླངས་འཁོར།རྒྱུ་ཆས་གསར་པ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་སྐོར་བཏོན་ཡོད།བཟོ་ལས་དང་ཆ་འཕྲིན་ཅན་པུའི་པུའུ་ཀྲང་མེའོ་ཝུའེ་ཡིས་ཚེས་5ཉིན་པུའུ་ཀྲང་བགྲོད་ལམ་ནས་ནུས་རྒྱུ་གསར་པའི་རླངས་འཁོར་སྐོར་གླེང་སྐབས།རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ནི་རླངས་འཁོར་བཟོ་ལས་ཆེ་བ་ནས་སྟོབས་ཆེར་འགྱུར་བར་བྱེད་པའི་བགྲོད་ལམ་ལྡོག་མེད་ཅིག་ཡིན་ཞེས་དང་།ཁོང་གིས་ད་དུང་ཕྱིར་བསྒྲགས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས།རང་རྒྱལ་གྱིས་6Gཞིབ་འཇུག་བྱེད་འགོ་བཙུགས་ཟིན་པ་བསྟན་ཡོད།

        ཆ་འཕྲིན་ཐོན་ལས་དང་སྤོ་འགུལ་འཕྲིན་གཏོང་། ནུས་ཁུངས་གསར་པ། རྒྱུ་ཆ་གསར་པ་སོགས་གསར་དར་ཐོན་ལས་ཀྱི་མདུན་ལྗོངས་ཧ་ཅང་ཡངས་པོ་ཡོད་པ་དང་། ཤེས་ལྡན་མི་སྣའི་དགོས་མཁོ་ཡང་ཆེ།

        གསུམ། ཁོར་ཡུག་རིགས་ཀྱི་ཆེད་ལས།

        ད་ལོའི་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་སྨུག་རྡུལ་འགོག་བཅོས་སོགས་རིམས་ནད་ཚབས་ཆེན་འགོག་བཅོས་འགག་སྒྲོལ་ལ་ཤུགས་སྣོན་བརྒྱབ་ནས། ཚན་རྩལ་གྱིས་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པ་བསྐྲུན་དགོས་པ་དང་། དྭངས་གཙང་གི་རི་ཆུ་ཀླུང་གསུམ་སྲུང་སྐྱོབ་བྱེད་པའི་དམག་འཐབ་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་།ཆུ་དང་ས་རྒྱུའི་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ།ཆུ་བོའི་འབབ་རྒྱུད་དང་མཚོ་ཁོངས་གཙོ་བོ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ།བཙོག་ཆུ་དྲི་ཅན་ཁྱོན་ཡོངས་ནས་བཅོས་སྒྲིག་བྱེད་པ་དང་།བཙོག་ཆུ་གཙང་སེལ་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་སྐོར་བཏོན་ཡོད།ཁོར་ཡུག་ལེགས་བཅོས་བྱེད་པའི་འགན་ཁྲི་ལྕི་ཞིང་བགྲོད་ལམ་རིང་པ་དང་།འབྲེལ་ཡོད་ལས་རིགས་ཀྱང་དེ་བསྟུན་གྱིས་འཕེལ་རྒྱས་གཏོང་དགོས་ཀྱི་ཡོད།

        བཞི། མིས་བཟོས་རིག་ནུས། བཟོ་ལས་ཇུས་འགོད།

        ད་ལོའི་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་། “ རིག་ནུས་” ཞེས་པ་ཐེངས་བཞི་ལ་གླེང་ཡོད་པ་མ་ཟད། ལྷག་པར་དུ་མིས་བཟོས་རིག་ནུས་གསར་པ་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། སྨན་བཅོས་དང་། རྒན་གསོ། སློབ་གསོ། རིག་གནས། ལུས་རྩལ་སོགས་ཁྱབ་ཁོངས་མང་པོར་“ དྲ་སྦྲེལ་+ ” ཁྱབ་གདལ་གཏོང་དགོས་པ་བཏོན་ཡོད།   

        ཚན་རྩལ་པུའི་པུའུ་ཀྲང་ཝན་ཀང་གིས་ཚེས་10ཉིན།མིས་བཟོས་རིག་ནུས་རྣམ་གྲངས་ཀྱི་ཕྱོགས་སྟོན་དང་ཞིབ་སྲོལ་ལམ་སེང་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་དང་།མི་ཐབས་རིག་ནུས་ལག་རྩལ་ནི་ཐོན་ལས་གསར་པའི་འཕོ་འགྱུར་གྱི་སྒུལ་ཤུགས་གཙོ་བོ་ཡིན་པའི་ཆ་ནས། མ་འོངས་པའི་མདུན་ལྗོངས་ཡག་པོ་པ་མ་ཟད། ད་དུང་མི་ཐབས་ཀྱི་རིག་ནུས་དང་ལས་རིགས་ཁག་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ་ཡིན་པས། “ མི་ཐབས་ཀྱི་རིག་ནུས + ” ལ་གོ་སྐབས་མང་པོ་ཡོད་པ་བསྟན་ཡོད།     

        ཚེས་9ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལེ་ཅུན་གྱིས་འཐུས་མིའི་རྒྱུ་ལམ་ནས་བཅར་འདྲི་དང་ལེན་བྱེད་སྐབས་ཁོང་གིས་ཀྲུང་གོའི་བཟོ་སྐྲུན་ལས་རིགས་སྟོབས་ཆེར་འགྱུར་བར་གསར་གཏོད་དང་སྤུས་ཚད་ལ་བརྟེན་དགོས་པ་མ་ཟད། ད་དུང་ཇུས་འགོད་ལ་བརྟེན་དགོས། ཀྲུང་གོའི་ཇུས་འགོད་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཀྲུང་གོའི་ཇུས་འགོད་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བར། ཇུས་འགོད་ལས་རིགས་ཀྱི་ཤེས་ལྡན་མི་སྣ་འབོར་ཆེན་དགོས་ཞེས་བཤད་ཡོད།

        ལྔ། རྒྱལ་སྤྱིའི་ཉོ་ཚོང་ཆེད་ལས     

        ཚེས་11ཉིན་ཚོང་དོན་པུའི་པུའུ་ཀྲང་ཀྲུང་ཧྲན་གྱིས་དཔལ་འབྱོར་ཉོ་ཚོང་གནད་དོན་ལ་དུས་རིམ་རང་བཞིན་གྱི་དམིགས་འབེན་གསུམ་འཆར་འགོད་བྱས་པ་སྟེ།2020ལོའི་གོང་དུ་དཔལ་འབྱོར་ཉོ་ཚོང་གི་རྒྱལ་ཁབ་ཆེན་པོའི་གོ་གནས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་།དཔལ་འབྱོར་ཉོ་ཚོང་གི་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ། དེ་ནས་2035ལོར་སླེབས་སྐབས་གཞི་རྩའི་ཆ་ནས་དཔལ་འབྱོར་ཉོ་ཚོང་གི་རྒྱལ་ཁབ་སྟོབས་ལྡན་ཞིག་འཛུགས་སྐྲུན་ཐུབ་པ་བྱེད་པ།2050ལོའི་གོང་དུ་ཁྱོན་ཡོངས་ནས་དཔལ་འབྱོར་ཉོ་ཚོང་གི་སྟོབས་ལྡན་རྒྱལ་ཁབ་གཅིག་འཛུགས་སྐྲུན་ཐུབ་པ་བྱེད་པ།    

        སྲིད་གཞུང་གི་ལས་དོན་སྙན་ཞུ་ལྟར་ན་ད་ལོ་ཞབས་ཞུའི་ཉོ་ཚོང་འཕེལ་རྒྱས་ཀྱི་སྒྲིག་སྲོལ་བཅོས་བསྒྱུར་དང་།ཚོང་དོན་གྱི་ལས་རྣམ་གསར་པ་དང་བྱེད་སྟངས་གསར་པ་སྐྱེད་སྲིང་བྱེད་པ།ལས་སྣོན་ཉོ་ཚོང་ལ་སྐུལ་འདེད་དཏང་ནས་དབུས་ནུབ་ཕྱོགས་སུ་སྐས་རིམ་ལྟ་བུའི་སྤོ་བསྒྱུར་བྱེད་རྒྱུ་ཡིན་པས།ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་ཀྱི་མདུན་ལྗོངས་སྔར་བཞིན་རྒྱ་ཆེན་པོ་ཡོད། 

        དྲུག དཔལ་འབྱོར་དང་དངུལ་རྩའི་རིགས་ཀྱི་འབྲེལ་ཡོད་ཆེད་ལས།     

        སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་རྒྱལ་ཁབ་ཀྱི་དངུལ་སྡུད་ཁག་ཐེག་ཐེབས་རྩ་འཛུགས་རྒྱུ་དང་།གསར་གཏོད་ཅན་གྱི་ཁེ་ལས་སྤུས་ལེགས་ཅན་ཚོང་རར་བཀྲམ་ནས་མ་དངུལ་རྒྱུན་འཁོར་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ།རྒྱལ་ཁབ་ལ་དབང་བའི་མ་རྩ་མ་འཇོག་དང་།གཉེར་སྐྱོང་ཀུང་སི་སོགས་ཀྱི་བསྒྱུར་བཅོས་ཚོད་ལྟ་ཟབ་སྤེལ།དངུལ་རྩའི་ལས་ཁུངས་ཀྱིས་ཀུན་ཕན་དངུལ་རྩའི་ལས་སྒོ་རྒྱ་སྐྱེད་བྱ་བར་རྒྱབ་སྐྱོར། རིམ་པ་མང་བའི་མ་རྩའི་ཚོང་ར་སྒྱུར་བཅོས་ཟབ་སྤེལ་དང་། བུན་འཛིན་དང་དུས་བཅད་ཟོག་ཚོང་གི་ཁྲོམ་ར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།འགན་བཅོལ་ཁྲོམ་རའི་ཉེན་ཁ་འགན་ལེན་ནུས་པ་རྒྱ་བསྐྱེད་པ་བཅས་ཀྱི་སྐོར་བཏོན་ཡོད། 

        ཚེས་9ཉིན་གསར་འགོད་པའི་ཚོགས་འདུའི་ཐོག་ཀྲུང་དབྱང་དངུལ་ཁང་གི་ཧང་ཀྲང་གཞོན་པ་དབྱི་ཀང་གིས།རང་རྒྱལ་གྱིས་གོམ་སྟབས་བརྟན་པོའི་ངང་དངུལ་རྩའི་ཚོང་རའི་སྒོ་འབྱེད་དང་། རྐང་དངུལ་འཛིན་ལོར་གྱི་ཉོ་ཚོང་ཚོང་རའི་སྒོ་འབྱེད་ལ་སྐུལ་སྤེལ་བྱེད་ཀྱི་ཡོད་པ་དང་།མ་འོངས་པར་ཀྲུང་གོའི་སྡོད་དམངས་ཀྱིས་སྔར་ལས་རྒྱ་ཆེ་བའི་ཁྱབ་ཁོངས་སུ་རྒྱུ་ནོར་བཀོད་སྒྲིག་དང་།སྡེབ་སྒྲིག་མ་དངུལ་བཀོད་སྒྲིག་བྱས་ཀྱང་ཆོག་ཅེས་དང་།དངུལ་འཛིན་ལྟ་སྐུལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལིའུ་ཧྲི་ཡུས་ཀྱིས་ཀྲུང་གོའི་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་དང་བསྟུན་ནས།འབྱུང་འགྱུར་ལོ་ལྔའི་རིང་གི་མ་རྩའི་ཁྲོམ་རར་འཕེལ་རྒྱས་ཀྱི་གོ་སྐབས་ཡག་ཤོས་ལྡན་ཞེས་གསུངས་ཡོད།

        བདུན། ཨར་ལས་བཟོ་སྐྲུན་ཆེད་ལས་དང་ཁོར་ཡུག་རིགས་ཀྱི་ཆེད་ལས།    

        སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་ད་ལོར་ལྕགས་ལམ་ལ་མ་སྒོར་དུང་ཕྱུར་7320དང་། གཞུང་ལམ་དང་ཆུ་ཐོག་སྐྱེལ་འདྲེན་ལ་མ་དངུལ་སྒོར་དུང་ཕྱུར་ཁྲི་1.8 ཡས་མས།ཆུ་བེད་ཀྱི་འཛུགས་སྐྲུན་བྱེད་བཞིན་པའི་མ་འཇོག་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་ཚོ་1ཟིན་པ་ལེགས་འགྲུབ་བྱེད་དགོས་པ་དང་།འཁྱིལ་ཆུ་ཕྱིར་འབུད་བྱེད་པའི་ལྕགས་མདོང་དྲ་བ་དང་།ས་འོག་ཕྱོགས་བསྡུས་མདོང་ལམ་སོགས་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ།ལོ་གསུམ་གྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་དཀའ་གནད་སྒྲོལ་བའི་འཆར་གཞི་གསར་པ་ཞིག་འགོ་འཛུགས་རྒྱུ་དང་། ད་ལོ་སྡོད་ཁང་ངོ་གྲངས་ཁྲི་580ལས་འགོ་ཚུགས་ཡོད་པའི་སྐོར་བཏོན་ཡོད།     

        རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ཡུང་གིས་ཚེས་6ཉིན།འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གཏན་འབེབས་བཞིན་འབྱུང་འགྱུར་ལོ་ལྔའི་རིང་གི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་འཆར་འགོད་གཏེན་འབེབས་དང་། ལས་གྲྭ་གལ་ཆེན་དང་། བྱ་སྤྱོད་གལ་ཆེན། འཆར་གཞི་གལ་ཆེན་ཁག་ཅིག་གཏན་ཁེལ་བྱས་ནས།ལག་བསྟར་བྱེད་རིམ་གསལ་བོ་གཏན་ཁེལ་བྱ་རྒྱུ་ཡིན་པ་བསྟན་ཡོད།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་སླད་ཕྱིན་གོ་སྐབས་མི་ཉུང་བ་ཡོད་སྲིད།

        བརྒྱད། སློབ་གསོའི་རིགས་ཀྱི་ཆེད་ལས།

        སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་ཐབས་ལམ་མང་པོའི་ཐོག་ནས་སློབ་ཞུགས་གོང་གི་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་ལ་ཤུགས་སྣོན་རྒྱག་དགོས་པ་དང་།སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་ལས་རིགས་སློབ་གསོ་འཛུགས་པར་རྒྱབ་སྐྱོར། མི་རིགས་སློབ་གསོ་དང་། དམིགས་བསལ་སློབ་གསོ། དྲ་བའི་སློབ་གསོ་དང་རྒྱུན་མཐུད་སློབ་གསོ་འཕེལ་རྒྱས་གཏོང་བའི་སྐོར་བཏོན་ཡོད།    

        ཚེས་3ཉིན་སློབ་གསོ་པུའི་པུའུ་ཀྲང་ཁྲེན་པའོ་ཧྲེང་གིས་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་སྐོར་གླེང་སྐབས།དགེ་རྒན་གྱི་གོ་གནས་དང་ཐོབ་ཐང་མཐོ་རུ་གཏོང་དགོས་པ་དང་། དགེ་རྒན་ལ་འགན་དཀྲི་བ་དང་། ལམ་སྟོན་པ། ཐབས་བཀོད་འཐེན་པ། གོ་གནས་སྤྲོད་པ། དངུལ་སྤྲོད་པའི་སྐོར་གསུངས་ཡོད། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་སློབ་གསོ་པུའི་དེ་སྔའི་པུའུ་ཀྲང་གཞོན་པ་ལིའུ་ལི་མིན་གྱིས་ཚེས་10ཉིན་གསར་འགོད་པའི་ཚོགས་འདུའི་ཐོག་སློབ་ན་མ་སོན་གོང་གི་སློབ་གསོ་ནི་སྔར་བཞིན་སློབ་གསོའི་མ་ལག་ཁྲོད་ཀྱི་ཞན་ས་ཞིག་ཡིན་པ་དང་། འབྱུང་འགྱུར་ཐོན་ཁུངས་ཆེར་སྐྱེད་དང་། ཀུན་ཕན་འཕར་སྣོན། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན།སྤུས་ཚད་མཐོར་གཏོང་བ་བཅས་ཀྱི་ཐད་གཙོ་གནད་ཀྱིས་ཤུགས་རྒྱག་དགོས་པ་པ་དང་།དངོས་གནས་བྱམས་སེམས་ལྡན་ཞིང་སློབ་གསོའི་གོ་རྟོགས་ལྡན་པའི་དགེ་རྒན་གྱི་དཔུང་ཁག་སློབ་ན་མ་སོན་གོང་གི་སློབ་གསོའི་ནང་དུ་འགུག་དགོས་པ།སློབ་ཞུགས་གོང་གི་སློབ་གསོའི་དགེ་རྒན་གྱི་ཐོབ་ཐང་དང་དེ་བཞིན་དགེ་རྒན་གྱི་ཀུན་སྤྱོད་སོགས་ཀྱི་གནད་དོན་ལ་སེམས་ཁུར་བྱེད་དགོས་པ་བསྟན་ཡོད། 

        དགུ། གསོ་རིག་གི་འབྲེལ་ཡོད་ཆེད་ལས།

        སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་སྐྲན་ནད་སོགས་ནད་གཞི་ཚབས་ཆེན་འགོག་བཅོས་འགག་སྒྲོལ་བྱེད་པར་ཤུགས་སྣོན་རྒྱག་དགོས་པ་དང་། མཁོ་ཆོད་སྨན་པའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་པ། བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་ཞབས་ཞུ་ལེགས་བཅོས་དང་། ཀྲུང་ལུགས་གསོ་རིག་སྨན་རྫས་བྱ་གཞག་ལ་རྒྱབ་སྐྱོར་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་དགོས་པའི་སྐོར་བཏོན་ཡོད།     

        འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་ལི་པིན་གྱིས་ཚེས་9ཉིན།གཞི་རིམ་གྱི་སྨན་བཅོས་མི་སྣའི་ཡོང་འབབ་ཐོབ་ཐང་རིམ་བཞིན་མཐོ་རུ་གཏོང་རྒྱུ་དང་།མ་ཟད་གཞི་རིམ་གྱི་ཤེས་ལྡན་མི་སྣའི་གོ་མིང་ཞིབ་དཔྱད་གཏན་འཁེལ་བྱེད་ཐབས་བསྒྱུར་བཅོས་གཏོང་དགོས་པ་བཏོན་ཡོད།ཚེས་10ཉིན་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་པེ་ཅིང་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། གསོ་རིག་པུའུ་ཡི་ཏང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཡུས་ཚུན་གྱིས་གསར་འགོད་པའི་ཚོགས་འདུའི་ཐོགངེས་པར་དུ་ཐབས་ཤེས་སྤྱད་ནས་སྨན་བཅོས་ལས་རིགས་ཀྱིས་ཆེས་ཕུལ་དུ་བྱུང་བའི་ཤེས་ལྡན་མི་སྣ་འགུག་རྒྱུ་དང་།ཀྲུང་ཧྭ་མི་རིགས་ཀྱི་བདེ་ཐང་དང་ཚེ་སྲོག་ནི་ཤེས་ལྡན་མི་སྣ་རྩེ་གྲར་བཅོལ་དགོས་པའི་རེ་འབོད་གནང་ཡོད།

        བཅུ། གསར་འགྱུར་ཁྱབ་སྤེལ་སོགས་ཀྱི་ཆེད་ལས།

        མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བའི་ཐད། སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་གསར་འགྱུར་དཔེ་སྐྲུན་དང་། རླུང་བརྙན་འཕྲིན།ཡིག་ཚགས་སོགས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་དགོས་པ་དང་། དྲ་སྦྲེལ་གྱི་ནང་དོན་དར་རྒྱས་གཏོང་བར་ཤུགས་སྣོན་རྒྱག་དགོས་པ། རྒྱལ་ཁབ་ཕྱི་ནང་དབར་མི་ཆོས་སྤེལ་རེས་གཏིང་ཟབ་ཏུ་གཏོང་དགོས་པའི་སྐོར་བཏོན་ཡོད།

        རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན།དམངས་གཙོ་ཡར་སྐུལ་ཚོགས་པ་ཧྲང་ཧའེ་གྲོང་ཨུད་ཀྱི་ཆེད་འགན་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཧུའུ་ཝེ་ཡིས།མི་ཚོགས་མི་འདྲ་བར་གཞིགས་ནས་རིག་གནས་ཀྱི་དགོས་མཁོ་མི་འདྲ་བ་མཁོ་འདོན་བྱེད་དགོས། དམིགས་གཏད་རང་བཞིན་གྱི་ཞབས་ཞུ་སྤེལ་བ་དང་།རིག་གནས་ཐོན་རྫས་སྣ་མང་ཕུན་སུམ་ཚོགས་པ་མཁོ་འདོན་བྱ་རྒྱུ་ནི་སྤྱི་པའི་རིག་གནས་ཞབས་ཞུ་ལེགས་པར་བསྒྲུབ་པའི་འགག་རྩ་ཡིན་ཞེས་བསྟན་ཡོད།