རྒྱལ་ཡོངས་སྲིད་གྲོས་སྐབས་13པའི་ཚོགས་འདུ་ཐེངས་དང་པོ་གྲོལ་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-03-16   རྩོམ་ཁུངས།    མི་དམངས་དྲ་བ།


ཟླ་3ཚེས་15ཉིན་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་མཇུག་འགྲིལ་ཚོགས་འདུ་འཚོགས་ཤིང་། འདི་ནི་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ཀྲང་ཀའོ་ལི། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་པའི་གནས་ཚུལ་ཡིན་པ།



ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་མཇུག་འགྲིལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བའི་གནས་ཚུལ་ཡིན་པ།

       ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་རྗེས་ཚེས་15ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེ་མོར་གྲོལ་བ་རེད། ཚོགས་འདུའི་ཐོག་མི་དམངས་སྲིད་གྲོས་ཀྱི་རིམ་ཁག་རྩ་འཛུགས་དང་། ཁོངས་ཞུགས་ཚན་པ་ཁག རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན་བཅས་ལ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། བློ་གཅིག་སེམས་གཅིག་དང་ལས་ཀ་ཏན་ཏིག་བྱེད་པ་བཅས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་པ་བཅས་ཀྱི་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་འབོད་སྐུལ་གནང་བ་རེད།

      ཚོགས་འདུ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་གཙོ་སྐྱོང་གནང་བ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་། ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། དབན་ཀང་། ཧོ་ཧོའུ་ཧྭ། ལུའུ་ཀྲན་ཀུང་། ཝང་ཀྲེང་ཝེ། མ་པེའོ། ཁྲེན་ཞའོ་ཀོང་། ལེང་ཀྲེན་དབྱིང་། ཞ་པའོ་ལུང་། དབྱང་ཁྲོན་ཐང་། ལི་པིན། པ་ཐེར། དབང་ཡུང་ཆིང་། ཧོ་ལི་ཧྥེང་། སུའུ་ཧུའེ། ཀྲེང་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཤིན་ཁྲེང་། ཧོ་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།

      ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ཀྲང་ཀའོ་ལི། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།

      སྔ་དྲོའི་ཆུ་ཚོད་དགུ་དང་སྐར་མ་སུམ་ཅུར་མཇུག་འགྲིལ་ཚོགས་འདུ་འགོ་ཚུགས་ཤིང་། དབང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོར་ཨུ་ཡོན་2158ཕེབས་དགོས་པ་དང་དངོས་སུ་ཨུ་ཡོན་2142ཕེབས་པ་དེ་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན་ཡོད་ཅེས་ཁྱབ་བསྒྲགས་གནང་བ་རེད།

      ཚོགས་འདུའི་ཐོག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་གྲོས་ཆོད་དང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་སྐོར་གྱི་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་གྲོས་ཆོད། སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་གཞི་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་གྲོས་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་བ་རེད།

      དབང་དབྱང་གིས་གསུང་བཤད་གནང་སྐབས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་པ་བཅས་ཀྱི་དུས་སྐབས་གལ་ཆེན་དུ་འཚོགས་པའི་ཚོགས་འདུ་ཞིག་རེད། ཀྲུང་གུང་ཀྲུང་དབྱང་གི་ཚད་མཐོའི་མཐོང་ཆེན་འོག་དང་འབྲེལ་ཡོད་ཕྱོགས་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག་ཨུ་ཡོན་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་གནང་བ་བརྒྱུད་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད་ཅེས་གསུངས་པ་རེད།

       དབང་དབྱང་གིས་ཚོགས་འདུའི་རིང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་ཚོགས་ཆེན་གྱི་འགོ་ཚུགས་ཚོགས་འདུ་དང་མཇུག་འགྲིལ་ཚོགས་འདུར་ཕེབས་པ་དང་། རིགས་ཁོངས་ཀྱི་ཚོགས་ཆུང་དུ་ཕེབས་ཏེ་ཨུ་ཡོན་དང་ཐུན་མོང་ཐོག་རྒྱལ་དོན་གླེང་གནང་བ་རེད། རྒྱ་ཆེའི་ཨུ་ཡོན་ཚོས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་ཐོག་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་སྙན་སྒྲོན་གཞན་དག་ལ་གྲོས་བསྡུར་གཏིང་ཟབ་གནང་བ་དང་། རྩ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གྱི་མ་ཟིན་དང་། ལྟ་ཞིབ་བཅའ་ཁྲིམས་ཀྱི་འཆར་ཟིན། དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཀྱི་ཇུས་གཞི་བཅས་ལ་གྲོས་བསྡུར་གནང་བ། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་སྲིད་གྲོས་སྒྲིག་ཡིག་གི་བཟོ་བཅོས་འཆར་ཟིན་གྱི་མ་ཟིན་སོགས་ཡིག་ཆར་གྲོས་ཞིབ་ནན་ཏན་གནང་བ། འགན་འཁྲི་གཙང་སྒྲུབ་དང་ཐབས་འདོན་ཇུས་འདོན་གནང་བར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། འདི་ནི་དམངས་གཙོ་དང་། མཐུན་སྒྲིལ། བདེན་འཚོལ། འབད་འབུངས་བཅས་ཀྱི་ཚོགས་ཆེན་ཞིག་ཡིན་པ་དེ་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་གང་ལེགས་མཚོན་གྱི་ཡོད་ཅེས་བསྟན་གནང་བ་རེད།

     དབང་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ནི་རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ཀྱི་ལམ་ལུགས་ཤིག་དང་། ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་གོ་མི་དམངས། དམངས་གཙོའི་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་རླབས་ཆེའི་ཆབ་སྲིད་ཀྱི་གསར་གཏོད་ཅིག ཀྲུང་གོའི་ས་གཞི་གཤིན་པོ་ནས་འཚར་ལོངས་བྱུང་བའི་སྲིད་ཏང་ལམ་ལུགས་གསར་པ་ཞིག་བཅས་ཡིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ཞེས་པའི་རྔམ་བརྗིད་ལྡན་པའི་མིང་ཚིག་དེས་དེའི་ངོ་བོ་དང་ནུས་པ་དབྱེ་མཚམས་ཁ་གསལ་ཕྱེ་ཡོད་པས། མིང་ཚིག་དེ་དང་ལམ་ལུགས་དེས་ང་ཚོར་སྤྲད་པའི་འགན་འཁྲི་ངེས་པར་དུ་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་དགོས། མི་དམངས་སྲིད་གྲོས་ནི་ཆབ་སྲིད་ཀྱི་རྩ་འཛུགས་ཤིག་ཡིན་པས་ངེས་པར་དུ་དར་ཆ་གསལ་སྟོན་གྱི་སྒོ་ནས་ཆབ་སྲིད་ལ་སྣང་ཆེན་བྱེད་དགོས། མི་དམངས་སྲིད་གྲོས་ནི་མི་དམངས་དམངས་གཙོའི་ལམ་ལུགས་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་མི་དམངས་ལྟེ་བར་བཟུང་ནས་འགན་འཁྲི་གཙང་སྒྲུབ་བྱེད་དགོས། མི་དམངས་སྲིད་གྲོས་ནི་ཆེད་དོན་གྲོས་མོལ་སྒྲིག་གཞི་ཞིག་ཡིན་པས་ངེས་པར་དུ་དམ་པ་དོན་གཉེར་ཐོག་ནས་གྲོས་མོལ་གྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཡོད། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ལུགས་དང་། རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཡིག ཀྲུང་གོ་གུང་ཁྲན་ཏང་དང་རྒྱལ་ཡོངས་མི་དམངས་ཀྱི་བློ་སྟོབས་གཅིག་སྡུད་ཐོག་མཚོན་པ་བཅས་ཡིན། དེས་ན་མི་དམངས་སྲིད་གྲོས་ཀྱིས་བྱེད་སྒོ་མཐའ་དག་སྤེལ་སྐབས་རྩ་ཁྲིམས་རྩ་བའི་ཚད་གཞིར་འཛིན་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ནང་འགན་འཁྲི་སྒྲུབ་པ་དང་ལས་དོན་སྤེལ་བ། རྩ་ཁྲིམས་ལ་བརྩི་འཇོག་དང་། རྩ་ཁྲིམས་སློབ་སྦྱོང་། རྩ་ཁྲིམས་ལ་སྲུང་བརྩི། རྩ་ཁྲིམས་སྲུང་སྐྱོང་། རྩ་ཁྲིམས་སྤྱོད་པ་བཅས་ཀྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

      དབང་དབྱང་གིས་དུས་རབས་གསར་པར་བྱ་སྤྱོད་གསར་པ་སྤེལ་རྒྱུར་འབོད་སྐུལ་བྱེད་དགོས་ཤིང་། མི་དམངས་སྲིད་གྲོས་ཀྱིས་ཐུན་མོང་གི་དམིགས་ཚད་ཐོག་ནས་མཐུན་ཆ་ཆེ་ཤོས་བཙལ་ཏེ། མཐུན་སྒྲིལ་དང་མཉམ་འབྲེལ་ཆེ་མོའི་ཐོག་ནས་ཀུན་སེམས་གཅིག་ཏུ་སྒྲིལ་བ། གྲོས་མོལ་དམངས་གཙོའི་ཐོག་ནས་དྲང་ནུས་ཤུགས་ཆེན་གཅིག་ཏུ་སྒྲིལ་བ། སྒྱུར་བཅོས་གསར་གཏོད་ཐོག་ནས་ལས་ཀའི་གསོན་ཤུགས་གསར་པ་འཕེལ་བར་བྱེད་པ་བཅས་བྱས་ཏེ་ཏང་ཤོག་མི་འདྲ་བ་དང་། མི་རིགས་མི་འདྲ་བ། རིམ་པ་མི་འདྲ་བ། དད་མོས་མི་འདྲ་བ་བཅས་ཀྱི་རྒྱལ་ཕྱི་རྒྱལ་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་སྟོབས་ཤུགས་གཅིག་ཏུ་སྒྲིལ་གང་ཐུབ་ཀྱིས་མེས་རྒྱལ་གཅིག་གྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཆེས་རྒྱ་ཁྱབ་ཀྱི་རྒྱལ་གཅེས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྲུབ་རྒྱུར་གཞོལ་དགོས་ཞེས་གསུངས་པ་རེད།

      མཇུག་འགྲིལ་ཚོགས་འདུར་ཕེབས་པའི་འགོ་ཁྲིད་བློ་མཐུན་གྲས་སུ་ད་དུང་ཏིང་ཞུའེ་ཞང་དང་། མཱ་ཁའེ། ཝང་ཁྲེན། ལིའུ་ཧོ། ལིའུ་ཡན་ཏུང་། ཞུས་ཆི་ལེང་། སུན་ཁྲུན་ལན། ལི་ཤིས། ལི་ཆང་། ལི་ཅན་གོ ལི་ཧུང་ཀྲུང་། ལི་ཡོན་ཁྲའོ། དབྱང་ཅེ་ཁྲེ། དབྱང་ཞའོ་ཏུའུ། ཀྲང་ཡིའུ་ཞ། ཁྲེན་ཤིས། ཁྲེན་ཆོན་གོ ཁྲེན་མིན་ཨར། ཧྥན་ཁྲང་ལུང་། ཧུའུ་ཁྲུན་ཧྭ། ཀུའོ་ཧྲེང་ཁུན། ཧོང་ཁུན་མིང་། ཚའེ་ཆི། ཡིའུ་ཆོན། ཝང་ཧྲེང་ཅུན། ཁྲེན་ཁྲང་ཀྲེ། ཡན་ཅོན་ཆི། ཧྲེན་གཡོད་གཡོད། ཅི་པིང་ཤོན། ཀྲང་ཕིང་། བྱམས་པ་ཕུན་ཚོགས། ཨའེ་ལི་ཀེང·དབྱི་མིང་པཱ་ཧའེ། དབན་ཨེ་ཤང་། ཀྲང་པའོ་ཝུན། ཁྲེན་ཀྲུའུ། ཁྲང་དབན་ཆོན། ཝང་ཡུང་། ཀྲོའུ་ཆང་། ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཏུའུ་ཆིང་ལིན། ཧན་ཆི་ཏེ། ལིན་ཝུན་དབྱི། ལུའོ་ཧྥུའུ་ཧོ། ལི་ཧའེ་ཧྥུང་། ཁྲེན་ཡོན། ཀྲོའུ་ཞའོ་ཁྲོན། ཝང་ཅ་རུའེ། ཆི་ཤུས་ཁྲུན། མཱ་ཕེ་ཧྭ། ལིའུ་ཞའོ་ཧྥུང་། ཝང་ཆིན་མིན་སོགས་ཡོད་པ་རེད།

     ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་མཇུག་འགྲིལ་ཚོགས་འདུར་ཟུར་ཞུགས་གནང་བ་རེད། ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ་པས་གདན་ཞུས་ལྟར་མཇུག་འགྲིལ་ཚོགས་འདུ་ཟུར་ཉན་གནང་བ་རེད།

     ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་གྲོལ་བ་རེད།

     མཇུག་འགྲིལ་ཚོགས་འདུ་གྲོལ་རྗེས་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཚོས་ཚོགས་འདུར་ཕེབས་པའི་སྲིད་གྲོས་ཀྱི་ཨུ་ཡོན་ཚང་མ་དང་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན་པ་རེད།