རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-03-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས་20ཉིན། རང་ཁུལ་གྱིས་ཀྲུང་གོའི་ལྕགས་ལམ་ཁང་གཉིས་པའི་ཨར་ལས་ཚོགས་ཁག་ཚད་ཡོད་ཀུང་སི་དང་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། ཡུན་ནན་ནས་བོད་ལྗོངས་བར་གྱི་ལྕགས་ལམ་སྟེ་སེམས་ཀྱི་ཉི་ཟླ་ནས་སྤང་མདའ་བར་གྱི་ལམ་མཚམས་ཀྱི་འཛུགས་སྐྲུན་ལས་ཀ་ལ་བཀོད་སྒྲིག་བྱེད་པ་རེད།
ཡུན་ནན་ནས་བོད་ལྗོངས་བར་གྱི་ལྕགས་ལམ་སྟེ་སེམས་ཀྱི་ཉི་ཟླ་ནས་སྤང་མདའ་བར་གྱི་ལམ་མཚམས་ནི་ལྷོ་རུ་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ལ་མཐུད་པ་དང་། ནུབ་བྱང་ཕྱོགས་སུ་ཡུན་ནན་གྱི་འཇོལ་རྫོང་དང་། བོད་ལྗོངས་ཀྱི་སྨར་ཁམས་རྫོང་། མཛོ་སྒང་རྫོང་བརྒྱུད་དེ། དཔའ་ཤོད་རྫོང་གི་སྤང་མདའ་གྲོང་རྡལ་དུ་ཁྲོན་བོད་ལྕགས་ལམ་གྱི་དར་མདོ་ནས་ཉིང་ཁྲི་བར་གྱི་ལམ་མཚམས་ལ་མཐུད། ལམ་མཚམས་ཀྱི་སྤྱིའི་རིང་ཚད་ནི་སྤྱི་ལེ་461ཡོད་པ་དང་། དེའི་ཁྲོད་དུ་ཡུན་ནན་ནང་ཁོངས་སུ་སྤྱི་ལེ་185ཡོད་པ་རེད།
ཡུན་ནན་ནས་བོད་ལྗོངས་བར་གྱི་ལྕགས་ལམ་སྟེ་སེམས་ཀྱི་ཉི་ཟླ་ནས་སྤང་མདའ་བར་གྱི་ལམ་མཚམས་ཀྱི་འཛུགས་སྐྲུན་གཞི་ཁྱོན་ནི་Iརིམ་པའི་འགྲོ་ཐིགས་གཅིག་གི་མགྲོན་ཟོག་མཉམ་སྤྱོད་ཀྱི་གློག་ཤུགས་ཅན་གྱི་ལྕགས་ལམ་ཡིན་ལ། ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་90%ཟིན་ཡོད་པ་དང་། ཆུ་ཚོད་རེ་ལ་སྤྱི་ལེ་160ཡི་འགྲོས་ཚད་འཆར་འགོད་བྱེད་ཡོད། སྔོན་རྩིས་ཀྱི་འཛུགས་སྐྲུན་ལས་ཡུན་ནི་ལོ་8ཡིན། མ་དངུལ་སྒོར་དུང་ཕྱུར་639འཇོག་རྒྱུའི་རགས་རྩིས་བྱེད་ཡོད་པ་དང་། དེའི་ཁྲོད་དུ་བདེ་ཆེན་ནང་ཁོངས་སུ་མ་དངུལ་སྒོར་དུང་ཕྱུར་247འཇོག་རྒྱུའི་རགས་རྩིས་བྱེད་ཡོད།
ཤེས་རྟོགས་བྱུང་དོན། ཡུན་ནན་དང་བོད་ལྗོངས་གཉིས་ཀྱིས་2015ལོའི་ཟླ10པར་ཡུན་ནན་ནས་བོད་ལྗོངས་བར་གྱི་ལྕགས་ལམ་འཛུགས་སྐྲུན་རྣམ་གྲངས་ཀྱི་སྔོན་འགྲོའི་ལས་ཀ་འགོ་ཚུགས་ཏེ། མཉམ་དུ་ཀྲུང་གོའི་ལྕགས་ལམ་ཁང་གཉིས་པ་ལ་བྱེད་འཐུས་རང་བཞིན་གྱི་ཞིབ་འཇུག་བྱེད་པའི་བཅོལ་མངགས་བྱས་ཡོད། 2017ལོའི་ཟླ12པར། ཀྲུང་གོའི་ལྕགས་ལམ་ཁང་གཉིས་པའི་ཞིབ་འཇུག་ལེགས་འགྲུབ་བྱུང་་བ་དང་། ལམ་ཐིག་གི་ཞིབ་བསྡུར་དང་འདེམས་སྒྲུག ཉེན་ཁའི་གདེང་འཇོག་དང་ཚོད་དཔག ཡུལ་དངོས་རྟོག་ཞིབ་སོགས་ཀྱི་སྔོན་འགྲོའི་ལས་དོན་ཁྲོད་དུ་དུས་རིམ་ཅན་གྱི་གྲུབ་འབྲས་ཐོབ་སྟེ། རྣམ་གྲངས་ཀྱི་དུས་ལྟར་ལས་འགོ་འཛུགས་པ་ལ་རྨང་གཞི་འདིང་བ་རེད།