རྩོམ་པ་པོ།   པད་མ་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2018-03-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ཟླ3པའི་ཚེས22 ཉིན། འཇང་རིགས་ཀྱི་གཉིས་པའི་ཚེས་བརྒྱད་ཀྱི་སྲོལ་རྒྱུན་དུས་ཆེན་ཐོན་ལ་ཉེ་བའི་སྐབས་འདིར། སེམས་ཀྱི་ཉི་ཟླའི་གཏོ་པའི་གནས་མཆོག་གི་སྐབས་གསུམ་པའི་མི་རིགས་རིག་གནས་དུས་ཆེན་དེ་སན་པ་ཤང་ནས་འགོ་ཚུགས་པ་རེད། ཕྱོགས་སོ་སོ་ནས་ཕེབས་པའི་སྐུ་མགྲོན་སྟོང་གཉིས་ལྷག་དང་ས་གནས་དེ་གའི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་མཉམ་དུ་འཛོམ་ནས་འཇང་རིགས་ཀྱི་གཏོ་པའི་རིགས་གནས་ཀྱི་དགའ་སྟོན་ལོངས་སུ་སྤྱད་ཡོད་པ་རེད།
སྐབས་འདིའི་རིག་གནས་དུས་ཆེན་ཐོག་གྲོང་གསེབ་ནི་གར་སྟེགས་ཀྱི་ཚུལ་དུ་འཛིན་པ་དང་། རིག་གནས་ནི་བརྗོད་སྙིང་དུ་བཟུང་བ། ཞིང་པ་ནི་མི་སྣ་གཙོ་བོར་བཟུང་ནས་བཀོད་སྒྲིག་བྱས་ཡོད། མང་ཚོགས་ཀྱི་ལྟ་འདོད་ཅིང་ཉན་སྤྲོ་བ་དང་། སྐྱོན་བྲལ་ཡར་བརྩོན་གྱི་བྱེད་སྒོའི་ནང་དོན་དང་རྣམ་པ་བརྒྱུད་ནས་སན་པ་ཤང་གི་འཇང་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཚུར་སྣང་བྱས་ཡོད། འགོ་ཚུགས་མཛད་སྒོའི་རྗེས་སུ་པའེ་ཏིས་གྲོང་ཚོ་དང་། དུང་པ་གྲོང་ཚོ། ཧ་པ་གྲོང་ཚོ་བཅས་ཀྱི་གྲོང་མིས་ གསར་རྩོམ་དང་འཁྲབ་སྟོན་གནང་བའི་འཇང་གི་སྲོལ་རྒྱུན་མི་རིགས་གླུ་གར་འཁྲབ་སྟོན་བྱས་ཡོད་པས་ཕྱི་ནང་ཀུན་ནས་ཕེབས་པའི་སྐུ་མགྲོན་གྱིས་གདེང་འཇོག་མི་དམན་པ་ཞིག་གནང་ཡོད། གཏོ་པའི་མཆོད་འབུལ་དང་། ཏང་ལ་བཀའ་དྲིན་ཞུ་བའི་འཇང་གླུ། ཨ་ཁ་པ་ལ། ཡ་ལིས་ལིས། གླིང་བུ་འབུར་ཞོར་ཞབས་བྲོ་ལྡིང་བ། མི་རིགས་སོ་སོའི་མཐུན་སྒྲིལ་ཆེན་མོ་སོགས་ཀྱི་གླུ་གར་དང་འཁྲབ་ཆུང་སོགས་ལེ་ཚན་ཉི་ཤུ་ལྷག་གིས་ལྟད་མོ་བའི་ཡིད་སེམས་དབང་མེད་དུ་བཀུག་ཡོད།
དུས་ཡུན་ཉིན་བཞི་ཡིན་པའི་རིག་གནས་དུས་ཆེན་ནང་སྔ་ཕྱིར་སྐབས་དང་པོའི་གཏོ་པའི་རིག་གནས་སྲུང་སྐྱོང་དང་མྱུར་སྐྱོབ་རྒྱུན་འཛིན་དཔྱད་གླེང་ཚོགས་འདུ་དང་། གཏོ་པའི་གནམ་མཆོད་དང་ཆུ་མཆོད། འཇང་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་ལས་ཀྱི་ཐོན་རྫས་འགྲེམས་སྟོན། གཏོ་པའི་རིག་གནས་འགྲེམས་སྟོན། གླུ་གར་མཉམ་སྤྲོ་ཆེན་མོ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད། བདེ་ཆེན་ཁུལ་གླུ་གར་ཚོགས་པའི་འཁྲབ་སྟོན་མི་སྣས་ཀྱང་གླུ་གར་འཁྲབ་སྟོན་བྱས་ནས་རིག་གནས་དུས་ཆེན་ལ་སྤྲོ་སྣང་གསར་བ་ཞིག་བསྣན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན་། 2009 ལོ་དང་2015ལོར་སན་པ་ཤང་གིས་བདེ་ལེགས་ངང་མི་རིགས་རིག་གནས་འཚོགས་ཐེངས་གཉིས་སྤེལ་ཚར་ཡོད་པ་རེད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པ་ཤང་གི་མངའ་ཁོངས་ནང་དུ་འཇང་རིགས་དང་ཧུའེ་རིགས། བོད་རིགས། རྒྱ་རིགས་སོགས་མི་རིགས་བཅུ་གཅིག་འཚོ་སྡོད་བྱས་ཡོད། དེའི་ཁྲོད་དུ་འཇང་རིགས་ཀྱིས་སྤྱིའི་མི་གྲངས་ཀྱིས62%ཟིན་ཡོད། སན་པ་ཡུལ་དུ་གནའ་བོའི་འཇང་རིགས་ཀྱི་གཏོ་པའི་གསུང་རབ་དང་། གཏོ་པའི་རི་མོ། གཏོ་པའི་ཞབས་བྲོ། གཏོ་པའི་སྲོལ་རྒྱུན་གྱི་མཛད་སྒོ་སོགས་ཀྱི་རིག་གནས་ཤུལ་བཞག་མང་པོ་ཞིག་ཉར་ཚགས་བྱས་ཡོད། དེའི་ཁྲོད་ཀྱི་པའེ་ཏིས་གྲོང་ཚོ་ནི་འཇང་རིགས་ཀྱི་གཏོ་པའི་རིག་གནས་ཀྱི་འབྱུང་ཡུལ་ཡིན་ལ། ད་ལྟའི་བར་དུ་འདྲ་གཟུགས་ཡི་གེའི་ཁོངས་སུ་གཏོགས་པའི་གཏོ་པའི་ཡི་གེ་སྲུང་འཛིན་ལེགས་པོ་བྱས་ཡོད། ༼ཚེ་རིང་དོན་འགྲུབ་ཀྱིས་བསྒྱུར། ༽