ཧ་ཧྥོ་སློབ་ཆེན་གྱིས་ངོ་སྤྲོད་བྱས་པའི་དགའ་སྤྲོའི་གོམས་གཤིས་ཉི་ཤུ།

རྩོམ་པ་པོ།   ཆར་རླུང་།  ཡིག་བསྒྱུར།       དུས་ཚོད།   2018-03-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

1.དྲིན་དྲན་པ།

      རང་ཉིད་ཀྱི་གོམ་པའི་འདེགས་འཇོག་དལ་དུ་བཏང་ནས་ཕྱོགས་བཞིར་བལྟ་ཞིང་། དཔེར་ན་རྐང་ལམ་ནང་གི་མེ་ཏོག་སྨུག་པོ་དང་མཛེས་པའི་ཉི་ནུབ། ཁྱོད་ཀྱི་ཉིན་གང་བོའི་ངལ་དུབ་སེལ་བའི་ལུས་ཁྲུས་དང་། བཟའ་ཟླའི་མིག་ནང་གི་འཛུམ་མདངས་ལྟ་བུའི་འཚོ་བའི་ནང་གི་ཞིབ་ཕྲའི་གནས་དག་ལ་དོ་སྣང་བྱོས། ཁྱོད་ལ་དྲིན་དྲན་པའི་སེམས་པ་ཞིག་ཡོད་ཅིང་། འཚོ་བའི་ཁྲོད་ཀྱི་མཛེས་པ་དང་ངོ་མཚར། སྨོན་འདུན་བཅས་ཀྱི་དྲིན་དྲན་པ་ན་ཁྱོད་རང་བདེ་སྐྱིད་ཀྱིས་གཏམས་ཡོད།


2.བློ་དང་ལྡན་པར་རང་གི་གྲོགས་གདམ་པ། 

      ཧ་ཧྥོ་གཞིར་བྱས་ན། མི་སྒེར་གྱི་བདེ་སྐྱིད་ཀྱི་ཆེས་གལ་ཆེ་བའི་ཕྱི་རོལ་གྱི་ཤུགས་རྐྱེན་ནི་མིའི་འབྲེལ་བ་ཡིན། དེ་བས་ཁྱོད་རང་སེམས་པ་དགའ་བར་འདོད་ན། སྤྲོ་སྣང་ཅན་གྱི་གྲོགས་པོ་དང་མཉམ་དུ་འགྲོགས་དགོས། ཁོ་ཚོས་དོན་ངོ་མའི་ཁྱོད་རང་ལ་རོལ་མྱོང་ཐུབ་ཅིང་། ཁྱོད་ཀྱི་འཚོ་བ་སྔར་ལས་ཕུན་སུམ་ཚོགས་པ་དང་དགའ་སྤྲོ་ལྡན་པ། དོན་སྙིང་ཡོད་པ་བཅས་ལ་སྒྱུར་ཐུབ།


3.སྙིང་རྗེ་སྒོམ་པ།

      ང་ཚོས་མི་གཞན་གྱི་ཚབ་བྱས་ཏེ་གོ་ས་བརྗེས་ནས་གནད་དོན་ལ་དཔྱོད་པའི་དུས། ང་ཚོས་སྔར་ལས་ཀྱང་སྙིང་རྗེ་ཆེ་བ་དང་དངོས་ཡོད་དང་མཐུན་པ། ལས་ཕྱོད་དང་ལྡན་པར་གནད་དོན་ཐག་གཅོད་ཐུབ། དེ་བཞིན་འཚོ་བའི་ཁྲོད་ཀྱི་གདོང་ཐུག་ཏོག་ཙམ་ཉུང་དུ་འགྲོ་ཞིང་དགའ་སྤྲོ་ཏོག་ཙམ་མང་དུ་འགྲོ། 


4.རྟག་ཏུ་སློབ་སྦྱོང་བྱེད་པ། 

      སློང་སྦྱོང་གིས་ང་ཚོ་ན་ལོ་གཞོན་པར་བྱེད་ཅིང་། ཕུགས་འདུན་གྱིས་ང་ཚོ་གསོན་དུ་འཇུག ང་ཚོས་ཀླད་པ་ཐོན་སྐྱེད་རང་བཞིན་གྱི་སྤྱོད་ཡུལ་ལ་བཀོལ་དུས། སེམས་མི་དགའ་བའི་བྱ་བ་དྲན་པ་ཧ་ཅང་ཉུང་ཞིང་། ང་ཚོ་སྔར་ལས་སེམས་དགའ་བ་དང་ཡིད་ཚིམ་པར་འགྱུར།


5.གནད་དོན་ཐག་གཅོད་ཤེས་པར་བྱེད་པ།

      སེམས་སྤྲོ་བའི་མི་ནི་གནད་དོན་ཐག་གཅོད་ཤེས་པའི་མི་ཡིན། འཚོ་བའི་ཁྲོད་ནས་འགྲན་སློང་དང་འཕྲད་པ་ན། ཁོ་ཚོ་རང་སྡུག་བྱེད་ནས་ནུབ་པར་མི་འགྱུར། དེ་ལས་ལྡོག་སྟེ་ཁོ་ཚོས་འགྲན་སློང་ལ་ཐད་ཀར་གདོང་ལེན་བྱེད་ཅིང་། རང་ཉིད་ཀྱི་ནུས་ཤུགས་ཡོད་ཚད་བཀོལ་ནས་ཐག་གཅོད་ཀྱི་ཐབས་ལམ་འཚོལ། 


6.རང་ཉིད་དགའ་བའི་བྱ་བ་སྒྲུབ་པ།

      ང་ཚོས་ན་གཞོན་གྱི་འཚོ་བའི་དུས་ཚོད་སུམ་ཆ་གཅིག་ལས་དོན་ལ་གཏོང་དགོས་པའི་རྐྱེན་གྱིས། རང་ཉིད་ཀྱིས་སྒྲུབ་པའི་བྱ་བ་ལ་དགའ་བ་ནི། ང་ཚོའི་སྤྱི་ཡོངས་ཀྱི་བདེ་སྐྱིད་ཀྱི་ཚོར་བར་ཤུགས་རྐྱེན་ཧ་ཅང་ཆེ་བ་ཡིན། གལ་སྲིད་ཁྱོད་ཀྱིས་ད་ལྟ་རང་ཉིད་དགའ་བའི་བྱ་བ་སྒྲུབ་མི་ཐུབ་ན། ཁྱོད་ཀྱིས་ད་ལྟ་རང་གི་ལས་དོན་གྱི་ཁྲོད་ནས་དགའ་སྤྲོ་དང་དོན་སྙིང་འཚོལ་བའམ། ཡང་ན་རང་ཉིད་ཀྱི་དགའ་ཕྱོགས་ཤིག་སྐྱེད་སྲིང་བྱེད་ཅིང་རང་ཉིད་དགའ་བའི་བྱ་བ་སྒྲུབ་དགོས། 


7.དུས་འདིར་གསོན་པ། 

      ཁྱོད་རང་སེམས་ཞུམ་པར་འགྱུར་དོན་ནི། ཁྱོད་རང་འདས་པར་གསོན་ཡོད་པས་རེད། ཁྱོད་རང་སེམས་ཁྲལ་དང་སེམས་འཚུབ་ཆེ་དོན་ནི། ཁྱོད་རང་མ་འོངས་པར་གསོན་ཡོད་པས་རེད། འོན་ཀྱང་ཁྱོད་རང་ཡིད་ཚིམ་པ་དང་སེམས་དགའ་བ། ཞི་འཇམ་བཅས་ཡིན་དུས་གཞི་ནས་དུས་འདིར་གསོན་པ་རེད། 


8.ནམ་རྒྱུན་འཛུམ་པ། 

      གད་མོ་དགོད་པ་ནི་ཁོང་ཁྲོ་བ་དང་སེམས་ཞུམ་པ་ལ་འགོག་རྒོལ་བྱེད་པར་སྟོབས་ཤུགས་ཆེ་ཤོས་དེ་ཡིན། ཞིབ་འཇུག་གིས་གསལ་སྟོན་བྱས་པ་ལྟར་ན། སྟབས་བདེའི་ངང་ནས་ཁྱོད་ཀྱི་ཁ་ཡར་རྫེ་བ་ཡིས་ཀྱང་ཁྱོད་ཀྱི་བདེ་སྐྱིད་ཀྱི་ཚོར་བ་ཇེ་ཆེར་གཏོང་། འཚོ་བར་ཧ་ཅང་གཟབ་ནན་ཆེ་དྲགས་མི་རུང་། ཉིན་རྒྱུན་གྱི་འབད་བརྩོན་ཁྲོད་ནས་ཉམས་མཚར་དང་དགོད་སྒྲ་རེ་རྙེད་ཐབས་བྱ་དགོས། 


9.དགོངས་ཡངས་གནང་བ།

      འཁོན་འཛིན་དང་སྡང་སེམས་འཆང་བ་ནི་རང་གིས་རང་ལ་ཉེས་ཆད་གཅོད་པ་ཡིན། ཁྱོད་ཀྱིས་དགོངས་ཡངས་གནང་བ་ནི་དོན་དངོས་ཐོག་རང་ཉིད་ལ་བཟང་པོ་བྱས་པ་རེད། ཆེས་གལ་ཆེ་བ་ནི་རང་གིས་རང་ལ་དགོངས་ཡངས་གནང་ཤེས་དགོས། མི་སུ་ཡིན་ཀྱང་ནོར་འཁྲུལ་འཆོར་བའི་དུས་ཡོད་པ་དང་།  ང་ཚོ་རང་གི་ནོར་འཁྲུལ་བརྒྱུད་ནས་ནར་སོན་ཞིང་སྔར་ལས་དཔའ་ངར་ཆེ་བ་དང་མི་བཟང་པོ་ཞིག་ཏུ་འགྱུར་བ་ཡིན། 


10.ནམ་རྒྱུན་ཐུགས་རྗེ་ཆེ་ཞུ་དགོས།

      འཚོ་བའི་ཁྲོད་ཀྱི་སྨོན་འདུན་ལ་རོལ་མྱོང་ཤེས་དགོས། ཆེ་ཆུང་ཅིའང་རུང་ཐབས་ཤིག་གིས་ཁྱོད་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་མཁན་ལ། ཁྱོད་ཀྱིས་བཀའ་དྲིན་དྲན་པའི་སེམས་པ་ཕྱི་རུ་མངོན་པར་བྱེད་པ་ཡང་གཅིག་མཚུངས་སུ་གལ་ཆེ་བ་ཡིན།


11.གཏན་གྲོགས་སྒྲིག་པ།

      ང་ཚོས་གཞན་དང་འབྲེལ་བ་ཟབ་མོ་འཛུགས་པའི་སྐབས་སུ་བདེ་སྐྱིད་ནི་ལྡབ་འགྱུར་གྱིས་འཕེལ་བར་འགྱུར། ཡིད་གཏད་པ་དང་གཟབ་ཉན་བྱེད་པ་ནི་འབྲེལ་བ་འདིའི་རིགས་དམ་དུ་གཏོང་བྱེད་དང་། རང་གཞན་གཉི་གར་དགའ་སྤྲོ་སྟེར་བྱེད་ཀྱི་ཆེས་གལ་ཆེ་བའི་རྩལ་ནུས་གཉིས་ཡིན།


12.ཁ་དན་ཚིག་ལ་གནས་པ།

      ང་ཚོའི་རང་བཀུར་ནི་ང་ཚོས་རང་ཉིད་ལ་ཁ་དན་ཚིག་གནས་བྱས་པའི་སྟེང་དུ་བཙུགས་པ་དང་། ཚད་མཐོ་བའི་རང་བཀུར་དང་བདེ་སྐྱིད་ཀྱི་ཚོར་བའི་བར་དངོས་སུ་འབྲེལ་བ་ཆགས་ཡོད། དེའི་ཕྱིར་རང་གཞན་གཉིས་ཀར་ཁ་དན་ཚིག་ལ་གནས་པར་བྱ། 


13.དྲན་པ་ཉེ་བར་འཇོག་པ།

     ཧ་ཧྥོ་གཞིར་བྱས་ན། སྤྱིའི་ཆ་ནས་དྲན་པ་ཉེར་བར་འཇོག་པའི་སྦྱོང་བརྡར་ལ་ཐེངས་བརྒྱད་ཞུགས་མྱོང་མཁན་ཞིག་སྤྱིར་བཏང་གི་མི་ཞིག་ལས་བརྒྱ་ཆ་ཉི་ཤུས་དགའ་སྤྲོ་ཆེ་བ་དང་། འདི་ལྟ་བུའི་སྦྱོང་བརྡར་གྱིས་མཚོ་རྟའི་གཟུགས་ཀྱི་དངོས་རྫས་སྐྱ་བོའི་ཚགས་དམ་པར་བྱེད་པ་ཚུད་པའི་ཀླད་པའི་གྲུབ་ཚུལ་ལ་འགྱུར་བ་གཏོང་ཞིང་། འདི་ནི་སློབ་སྦྱོང་དང་དྲན་འཛིན་ལ་གལ་ཆེ་ཞིང་བདག་ཉིད་ཀྱི་འདུ་ཤེས་དང་སྙིང་རྗེ། རང་རྟོག་བཅས་དང་འབྲེལ་བའི་གྲུབ་ཆའི་ཁྲོད་དུ་ཡོད་པ་ཡིན།


14.སྒྲུབ་བཞིན་པའི་བྱ་བར་ཡིད་གཏད་པ། 

      ལུས་སེམས་གཉིས་ཀ་བྱ་བ་ཞིག་ལ་འཇུག་པའི་སྐབས་སུ། ཁྱོད་རང་སེམས་དགའ་བའི་གནས་སྟངས་འོག་ཏུ་ཡོད། ང་ཚོ་འདི་ལྟ་བུའི་གནས་སྟངས་འོག་ཏུ་ཡོད་དུས།  མི་གཞན་གྱི་ལྟ་ཚུལ་ལ་སྣང་འཇོག་ཆེར་མི་བྱེད་ཅིང་། གལ་ཆེན་མ་ཡིན་པའི་བྱ་བས་བར་ཆད་བྱེད་པའང་ཉུང་བ་ཡིན། དེ་དག་གི་མཇུག་འབྲས་ནི་སྔར་ལས་བདེ་སྐྱིད་ལྡན་པ་སྨོས་མི་དགོས་སོ།།


15.སྤྲོ་སྣང་ལྡན་དགོས།

     སྤྲོ་སྣང་ཅན་ལ་མཚོན་ན། ཤེལ་ཕོར་ནམ་ཡང་ཕྱེད་ཀ་གང་བ་ཡིན། གལ་སྲིད་ཁྱོད་ཀྱིས་འགྲན་སློང་ཞིག་ལ་གདོང་ལེན་བྱེད་སྐབས། ཆེས་མི་ལེགས་པའི་བསམ་ཚུལ་རྟོག་བཟོ་བྱེད་པར་ཕྱོགས་ཡོད་ན་གནས་སྟངས་འདིར་རང་ཉིད་ཀྱིས་འགྱུར་བ་གཏོང་དགོས། རང་གིས་རང་ལ་བྱ་བ་དེའི་ཁྲོད་ཀྱི་བཟང་ཆ་དང་དེའི་ནང་ནས་སློབ་སྦྱོང་ཅི་ཞིག་ཐོབ་པ་བཤད་དགོས། སྤྲོ་སྣང་གིས་ངེས་པར་དུ་ལེགས་འགྲུབ་དང་བདེ་སྐྱིད་ཀྱི་ཚོར་བ་ལ་སྐུལ་མ་བྱེད། 


16.ཆ་རྐྱེན་མེད་པའི་བརྩེ་བ།

      ཕུན་སུམ་ཚོགས་པའི་མི་ཞིག་མེད། ཁྱོད་ཀྱིས་རང་གི་མི་ལེགས་པའི་ཆ་རྣམས་དང་ལེན་བྱ་དགོས། ཆ་རྐྱེན་མེད་པར་མི་ཞིག་ལ་དགའ་བ་ནི། ཁྱོད་ཀྱི་དུས་ཚོད་ཡོད་ཚད་བཀོལ་ནས་དེ་དང་འགྲོགས་པའམ་ཡང་ཁོ་ཚོར་ཁོ་ཚོའི་གནད་དོན་ཐག་གཅོད་པར་གྲོགས་བྱེད་པའི་གོ་དོན་མ་ཡིན། ཆ་རྐྱེན་མེད་པར་དགའ་བ་ནི་དོན་ངོ་མའི་ཁོ་ཚོ་དང་ལེན་བྱས་ཏེ། ཁོ་ཚོ་རང་ཉིད་ཀྱི་གོམ་འགྲོས་ལྟར་ཁོ་ཚོ་རང་ཉིད་ལ་འཚོལ་སྙེག་བྱེད་དུ་འཇུག་པའི་གོ་དོན་ཡིན། 


17.བློས་མི་གཏོང་བ། 

      འགྲུབ་མ་ཚར་བའི་འཆར་བཀོད་དང་རྒྱུན་ཆད་མེད་པའི་ཕམ་ཁ་བཅས་ཀྱིས་གཡོལ་ཐབས་མེད་པར་ཁྱོད་ཀྱི་རང་བཀུར་ལ་རྨས་སྐྱོན་གཏོང་། ཁྱོད་ཀྱིས་བྱ་བ་གང་ཞིག་སྒྲུབ་པར་ཐག་བཅད་པ་དེ་སྒྲུབ་ཐུབ་པར་གྱིས་ལ། ལེགས་འགྲུབ་ཀྱི་སྔོན་དུ་གཏན་ནས་བློས་མ་གཏོང་། ཕམ་ཁ་ནི་གནས་སྐབས་ཙམ་ཡིན་ལ་ཕམ་པར་བརྒྱབ་པ་རྟག་ཏུ་གནས་པ་ཡིན། ཁྱོད་ཀྱིས་བློས་བཏང་བའི་དུས་དེར་ད་གཟོད་ཕམ་པར་བརྒྱབ་པ་ཡིན། 


18.ཆེས་ལེགས་པའི་རང་ཉིད་བྱས་ཏེ་ལག་པ་གློད་པ།

      མི་སུ་ཡིན་རུང་སོ་སོར་ཚད་བཀག་རང་བཞིན་ཡོད་པར་མ་ཟད། སྐབས་འགར་ང་ཚོས་བརྩོན་པ་ཧ་ཅང་ཆེན་པོ་བྱས་རུང་རེ་འདུན་དང་ཡོངས་སུ་འགལ་བར་འགྱུར། དེ་བས་ཆེས་ལེགས་པའི་རང་ཉིད་བྱས་རྗེས་ལག་པ་གློད་དགོས། ཁྱོད་ཀྱིས་ནུས་ཤུགས་ཡོད་རྒུ་སྤྲུགས་རྗེས་ཁྱོད་ལ་ཞེ་འགྱོད་ཅིག་ལྷག་མེད། 


19.རང་ཉིད་ལ་བདག་སྐྱོང་ཡག་པོ་བྱེད་པ།

     བདེ་ཐང་གི་ལུས་པོ་ཞིག་ནི་བདེ་སྐྱིད་འབྱུང་བར་ཧ་གལ་ཆེན་ཡིན། གལ་སྲིད་ཁྱོད་རང་ལུས་པོ་བདེ་ཐང་མིན་ན་ཇི་ལྟར་བརྩོན་པ་བྱས་ཀྱང་དགའ་སྤྲོ་རྙེད་དཀའ། ཟ་མ་ཡག་པོ་ཟ་ཞིང་སྦྱོང་བརྡར་བྱེད་ནས་དུས་ཚོད་བཙལ་ཏེ་ངལ་གསོ་གནང་དགོས། ཁྱོད་རང་གི་ལུས་པོ་དང་ཀླད་པ། བསམ་བློ་བཅས་ལ་བདག་སྐྱོང་ཡག་པོ་བྱོས།


20.སྲི་ཞུ་སྒྲུབ་པ།

      བྱ་བ་བཟང་པོ་སྒྲུབ་པ་ནི་ཁྱོད་རང་སེམས་ཁམས་དྭངས་པ་ལ་འགན་སྲུང་ཆེས་ཆེ་བའི་ཐབས་ལམ་དེ་ཡིན། ཧ་ཧྥོ་གཞིར་བྱས་ན། མི་རྣམས་ཀྱིས་བྱ་བ་བཟང་པོ་སྒྲུབ་པའི་སྐབས་སུ།  དཔེར་ན་གཞན་གྱིས་ཁྱོད་ལ་གཟེངས་བསྟོད་བྱེད་དུས་ཀླད་པར་ངར་སློང་བ་ལྟར་ཀླད་པ་སྐྱེན་པོར་འགྱུར། དེའི་ཕྱིར་གཞན་ལ་སེམས་ཁུར་བྱེད་མཁན་ནི་གཞན་ལ་སེམས་ཁུར་མི་བྱེད་པའི་མི་ལས་དགའ་སྤྲོ་ཆེ་བ་ཡོད།   ༼ལུག་ཚང་དཔལ་ཡོན་ལས་དྲངས། ཆར་རླུང་གིས་བསྒྱུར།༽