པི་ཝང་རོལ་དབྱངས་སྒྱུ་རྩལ་རྒྱལ་ཕྱི་ནང་ལ་ངོ་སྤྲོད་བྱེད་མཁན་རྒྱལ་ཐང་སྐལ་བཟང་ནོར་བུ།

རྩོམ་པ་པོ།   སུང་ཞའོ་པའོ།  ཡིག་བསྒྱུར།       དུས་ཚོད།   2018-03-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

སྐལ་བཟང་ནོར་བུ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལྔ་ཤོག་ས་ཆའི་མི་ཡིན།    འབྲི་ཆུའི་འགྲམ་དུ་ཆགས་ཡོད་པའི་ཕ་ཡུལ་ཐམས་གྲུབ་གྲོང་ཚོ་ནས་པི་ཝང་སྒྱུ་རྩལ་གྱི་བག་ཆགས་འོག་འཚར་ལོངས་བྱུང་ཞིང་།    ཆུང་ངུའི་དུས་ནས་ཨ་ཕའི་ཁྲིད་སྟོན་འོག་པི་ཝང་རམ་དཀྲོལ་ལ་སློབ་སྦྱོང་ཞིབ་མོ་བྱས།      ནམ་ཡིན་རུང་སྐལ་བཟང་ནོར་བུས་པི་ཝང་ལ་བརྩེ་བ་ཟབ་མོ་ཞིག་བཅངས་ཡོད།    སློབ་ཆུང་གི་དུས་སྐབས་འགྲིམས་དུས་དཔེ་ཆའི་ཕྱོགས་ལ་དེ་འདྲའི་སྤྲོ་བ་ཟབ་མོ་མ་སྐྱེས་ན་ཡང་པི་ཝང་གི་སྒྲ་ཙམ་ཐོས་པས་ཀྱང་ཁོ་ལ་སྤྲོ་བ་ཟབ་མོ་ཞིག་སྐྱེས་ཀྱི་ཡོད།   ཨ་ཕས་ཁོ་རང་པི་ཝང་ལ་ཤིན་ཏུ་དགའ་བ་མཐོང་ནས།   ལག་བཟོའི་པི་ཝང་ཞིག་ཁོ་ལ་ལེགས་སྐྱེས་ཀྱི་ཚུལ་དུ་ཕུལ་བ་དང་།   དུས་དེ་ནས་བཟུང་སྐལ་བཟང་ནོར་བུས་སེམས་ཤུགས་ཡོད་ཚད་པི་ཝང་གི་སྟེང་དུ་བཀོལ་ནས་པི་ཝང་ལ་སྔར་ལས་འདང་རྩིས་ཇེ་ཆེར་གྱུར་བ་མ་ཟད།   དུས་ཚོད་མང་ཆེ་ཤོས་ཀྱང་པི་ཝང་རམ་དཀྲོལ་གྱི་ཕྱོགས་སུ་བཀོལ།   ཕ་ཡུལ་གྱི་གངས་རི་དང་རྩྭ་ཐང་།   ད་དུང་ཆུ་བོ་དང་ནགས་ཚལ།  གཉེན་མི་སྤུན་ཟླ་རྣམས་ནི་ཁོའི་བློ་སྒོ་འབྱེད་པར་རོགས་བྱེད་པའི་ལམ་སྟོན་གནང་མཁན་ལྟ་བུ་ཡིན་ལ།   རྒྱུན་པར་ཁོ་བོའི་སེམས་སུ་པི་ཝང་ལེགས་པར་སྦྱངས་ནས་པི་ཝང་སྒྱུ་རྩལ་འདི་རི་གྲོང་ལས་བརྒལ་ཏེ་མི་མང་པོར་ཤེས་སུ་འཇུག་དགོས་ཞེས་འདོད་ཡོད།     

ལོ་ན་བཅུ་གཉིས་སོན་པའི་སྐབས་དེར་རོལ་དབྱངས་ཀྱི་ཕུགས་བསམ་སེམས་ལ་རུམ་པ་དང་ཡང་ན་འཚོ་སྡོད་ཀྱི་ཆེད་དུ་ཁོ་རང་སེམས་ཀྱི་ཉི་ཟླ་རྫོང་མཁར་དུ་ཐོན་ནས་ལས་ཀ་གཉེར།    ཡུལ་སྐོར་བ་སྣེ་ལེན་བྱེད་སའི་བོད་ཁྱིམ་སྤྲོ་སྐྱིད་ཁང་ནས་པི་ཝང་དཀྲོལ་མཁན་བྱས།  སྤྱིར་བཏང་དུ་ཟ་ཁང་ནས་ཟ་མ་ཐེངས་གཅིག་ཟ་བ་ཡང་སེར་སྣ་བྱེད་པའི་ཁོང་གིས་ཟླ་གཅིག་གི་ཟླ་ཕོགས་བཀོལ་ནས་པི་ཝང་སྐོར་གྱི་སྒྲ་ཐག་དང་འོད་སྡེར་ཉོ་བར་འཛེམ་དོགས་ཅི་ཡང་མི་བྱེད།    ཕྱོགས་མང་བོར་གྲོན་ཆུང་གང་ལེགས་བྱས་ནས་ཁོའི་སེམས་ཤུགས་དང་ཡོང་སྒོ་ཚང་མ་པི་ཝང་སློབ་སྦྱོང་གི་ཕྱོགས་ལ་བཀོལ་བ་རེད།   སྒྱུ་རྩལ་ལ་ཕྱོགས་པའི་ལམ་བུའི་ཁྲོད་དུ་མི་མང་པོས་ཁོ་ལ་རོགས་སྐྱོར་དང་ཐུགས་འཁུར་མི་ཉུང་བ་ཞིག་གནང་ཡོད་པ་ནི་ཁོ་བས་ད་ལྟའི་བར་དུ་ཡང་བརྗེད་ཀྱི་མེད་ཟེར།  

2004 ལོར།   ཐ་ན་སྤྱི་སྤྱོད་རླངས་འཁོར་དང་ས་འོག་ལྕགས་ལམ་ལ་ཡང་འདུག་མི་ཤེས་པའི་རམ་དཀྲོལ་པ་ཁོ་རང་སེམས་ཀྱི་ཉི་ཟླ་ནས་ཆས་ཏེ་པེ་ཅིང་གྲོང་ཁྱེར་དུ་ཕུགས་བསམ་གསར་བ་ཞིག་འཚོལ་བར་སོང་།   ཡིན་ན་ཡང་པེ་ཅིང་ནས་སྒྱུ་རྩལ་གྱི་ལམ་ཁར་ཕྱོགས་ནས་འབྲས་བུ་རེག་རྒྱུ་ནི་དེ་འདྲའི་ལས་སླ་མོ་ཞིག་གཏན་ནས་མིན་ལ།   ཁོས་དཀའ་སྡུག་གིས་གསོག་པའི་སྒོར་མོ་ཚང་མ་ཁང་གླར་སྤྲོད་དགོས་འདུག    རྗེས་སུ་གྲོགས་པོ་འགའ་དང་མཉམ་དུ་ཁང་བ་གླས་ནས་བསྡད་ཅིང་པེ་ཅིང་ནས་དཀའ་སྡུག་གང་མང་མྱངས།   

ཕ་ཡུལ་དང་རྒྱང་ཐང་རིང་བའི་པེ་ཅིང་དུ་ཕུགས་བསམ་དང་པི་ཝང་ནི་སྐལ་བཟང་ནོར་བུའི་སེམས་ཀྱི་རྟེན་ས་གཅིག་པུ་དེ་ཡིན།   ཆུང་ངུའི་དུས་ལ་སྡུག་མང་པོ་མྱང་བས་གནམ་གྲུའི་སྤ་སེའི་རིན་གོང་མཐོན་པོ་དེ་གྲོན་ཆུང་བྱེད་ཕྱིར་ལོ་གསུམ་གྱི་རྗེས་ནས་ད་གཟོད་ཁོ་རང་ཕ་ཡུལ་དུ་ཐེངས་གཅིག་ལ་ལོག     ན་ཚོད་ཆུང་ཡང་བསམ་ཤེས་པའི་སྐལ་བཟང་ནོར་བུས་དུས་རྒྱུན་པར་ཕ་ཡུལ་ལ་ཁ་པར་བཏང་ནས་རང་གི་དོན་དག་ཆེ་མ་ཆུང་གསུམ་རྣམས་བཤད་ཅིང་།   ཅི་ནུས་ཀྱིས་དཀའ་སྡུག་མྱང་ཚུལ་རྣམས་སེམས་ཀྱི་གཏིང་ལ་སྦས་ཏེ་བརྗོད་པར་མི་སྤྲོ་ལ།  རང་ལ་ཐོབ་པའི་འབྲས་བུ་དག་ནི་ཕ་ཡུལ་གྱི་ཡུལ་མི་རྣམས་ལ་རོལ་མྱོང་དང་སྦ་གསང་མེད་པར་བཤད་པར་སྤྲོ།     

ཨ་ཕའི་ཚིག་གཅིག་གིས་ཁོའི་མིེ་ཚེའི་གོ་རིམ་ཁྲོད་དུ་སྐུལ་ལྕགས་ཀྱི་ནུས་པ་གལ་ཆེན་ཐོན་འདུག   ཨ་ཕས་རྒྱུན་དུ་ཁོ་ལ།  ཁྱེད་རང་ས་ཆ་གང་དུ་སོང་ཡང་གཙོ་བོ་རང་གི་རྩ་བ་དང་རྐེད་པ་དེ་བརྗེད་མི་ཉན་ཟེར།   ཕ་ཡུལ་དང་བར་ཐག་ཅི་ཙམ་རིང་དུ་སོང་བ་ན།   ཁོས་ཕ་ཡུལ་དྲན་པའི་གདུང་བ་དེ་ཡང་ཇེ་ཟབ་ནས་ཇེ་ཟབ་ཏུ་འགྱུར་བཞིན་འདུག་ཅིང་ཕ་ཡུལ་ནི་དུས་ནམ་ཡང་བརྗེད་ཐབས་བྲལ་བར་གྱུར་ཡོད།  

2017ལོར།  སྐལ་བཟང་ནོར་བུས་ལོ་ངོ་བདུན་ལྷག་ལ་གྲ་སྒྲིག་བྱས་པའི་བོད་ཀྱི་རོལ་དབྱངས་ཆེད་སྒྲིག་ང་དང་པི་ཝང་ཞེས་པ་དངོས་སུ་ཚོང་རར་བཀྲམས་པ་རེད།   ལོ་དེའི་ཟླ9པར་ཁོ་ལ་དོན་སྙིང་ཤིན་ཏུ་ལྡན་པའི་པི་ཝང་རྒྱུན་འཛིན་མི་སྣའི་རོལ་དབྱངས་བྱས་རྗེས་ཀྱི་བྱ་དགའ་ཞིག་ཀྱང་ཐོབ་བྱུང་བ་རེད།   སྔ་ཕྱིར་གླུ་བ་གདུགས་དཀར་ཡག་དང་མཉམ་དུ་ཀྲུང་གོའི་བོད་གླུ་འགྲན་བསྡུར་ལས་ཨང་དང་པོའི་བྱ་དགའ་བླངས་ཤིང་།   གཞན་ཡང་རྒྱལ་ནང་དུ་མིང་གྲགས་ཆེ་བའི་གླུ་མ་ཧན་ཧོང་དང་མཉམ་དུ་ཧུའུ་ནན་བརྙན་འཕྲིན་ཁང་གི་གར་སྟེགས་ནས་བོད་ཀྱི་པི་ཝང་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྒྱལ་ནང་གི་ལྟད་མོ་བ་རྣམས་ལ་ཕུལ་བས་ཀུན་གྱིས་དགའ་བསུ་དང་གདེང་འཇོག་མི་དམན་པ་ཞིག་ཐོབ་ཡོད་པ་རེད།   དེང་སང་བོད་ནང་མ་ཟད་རྒྱལ་ནང་དང་ཕྱི་རྒྱལ་དུ་ཁོང་གིས་རམ་དཀྲོལ་བྱས་པའི་པི་ཝང་རོལ་དབྱངས་ལ་ཉན་མཁན་ཤིན་ཏུ་མང་པོ་ཡོད་ཅིང་།    ཡིད་ཀྱི་དང་བ་དབང་མེད་དུ་འདྲེན་པའི་གནའ་བོའི་དབྱང་རྟ་རེ་རེས་ང་ཚོའི་ངལ་དུབ་དང་སུན་སྣང་གིས་འཁེངས་པའི་སེམས་ལ་སྨྲ་མི་ཤེས་པའི་དྲན་གསོའི་ནུས་པ་ཞིག་ངམ་ཤུགས་ཀྱིས་སྦྱིན་པར་བྱེད།  

ལོ་ངོ་དུ་མའི་རིང་ལ།   སྐལ་བཟང་ནོར་བུ་ཧྥ་རན་སི་དང་དབྱི་ཐ་ལི།  ཨོ་ཏི་ལིས།  རོས་ཧྲི།  སང་ག་ཕོར།  མ་ལི་ཞི་ཡ་སོགས་རྒྱལ་ཁབ་ཏུ་ཕེབས་ནས་འཁྲབ་སྟོན་བྱས་ཤིང་།  བོད་ཀྱི་པི་ཝང་རོལ་དབྱངས་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ།  དྲིལ་བསྒྲགས་བྱེད་པར་ནུས་པ་མི་དམན་པ་ཞིག་ཐོན་ཡོད་པ་རེད།   ང་ཚོས་དེ་རིང་གི་འཕྲིན་སྟེགས་འདི་བརྒྱུད་ནས་བོད་ཀྱི་པི་ཝང་རམ་དཀྲོལ་བ་གླུ་བ་སྐལ་བ་ནོར་བུའི་སྒྱུ་རྩལ་གྱི་ལམ་ཁ་སྔར་ལས་ཡངས་ཤིང་།    བོད་ཀྱི་པི་ཝང་སྒྱུ་རྩལ་འཛམ་གླིང་ཡུལ་གྲུ་མང་པོར་ངོ་སྤྲོད་དང་དར་སྤེལ་གཏོང་ཐུབ་པའི་བཀྲ་ཤིས་སྨོན་འདུན་ཞུ། །