སློབ་གསོ་མེད་ན་མཚར་སྡུག་ལྡན་པའི་མ་འོངས་པ་ཡོད་མི་སྲིད།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-03-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

       ཡ་གུ་དཱ་པའམ་ཡིའུ་ཐའེ་མི་རིགས་ནི་སློབ་གསོ་ལ་ཆེས་གཙིགས་མཐོང་བྱེད་མཁན་གྱི་མི་རིགས་སྔོན་ཐོན་ཞིག་ཡིན།  ཡིའུ་ཐའེ་པས་སློབ་གསོ་ནི་མི་ཚེའི་ལམ་སྟོན་གྱི་དགེ་རྒན་ཞིག་ཏུ་ངོས་འཛིན།   ཁོང་ཚོས་བུ་དང་བུ་མོ་ཚོར་སློབ་གསོ་གཏོང་བའི་དམིགས་ཡུལ་ནི།   རྗེས་རབས་པས་རྙོག་འཛིང་ཆེ་བའི་སྤྱི་ཚོགས་འགྲན་རྩོད་ནང་འཚོ་སྡོད་བྱེད་ཐུབ་པ་དང་འཕེལ་རྒྱས་བྱུང་ནས།   རང་མི་རིགས་ཀྱི་སྟོབས་ཤུགས་རྒྱ་བསྐྱེད་ཐུབ་པའི་ཆེད་དུ་ཡིན་པ་རེད།    
       ཁོང་ཚོས་ལོ་རྒྱུས་ཀྱི་ཉམས་མྱོང་ལས་གསལ་བོར་རྟོགས་པ་ནི། གལ་ཏེ་མི་རིགས་ཤིག་གིས་དུས་རབས་འཕེལ་རྒྱས་ཀྱི་གོམ་སྟབས་དེའི་རྗེས་མ་ཆོད་པ་ཡིན་ན་ཅིས་ཀྱང་རྗེས་ལུས་ཐེབས་ངེས་པ་དང་།   ཛ་དྲག་གི་འགྲན་རྩོད་ཁྲོད་ནས་ཕམ་ཁ་རེག་པར་འདོད་ཡོད།  འཕེལ་རྒྱས་ཀྱི་རྗེས་མ་ཆོད་ན་ཚོང་ལས་ཡིན་ན་ཡང་འདྲ།  ཚན་རྩལ་རིག་གནས་ཀྱི་བྱ་གཞག་ཡིན་ན་ཡང་འདྲ།  རིམ་བཞིན་རྗེས་ལུས་ཐེབས་ངེས་པའི་འདུ་ཤེས་རྟོགས་ཡོད།  
     ཡིའུ་ཐའེ་བས་སློབ་གསོ་བཏང་ན་མི་ལ་བློ་རིག་རྒྱས་པར་ཡིད་ཆེས་ཟབ་མོ་གནང་ཡོད་པས།   ཐོག་མཐའ་བར་གསུམ་དུ་སློབ་གསོ་ནན་གྱིས་འཛིན་པ་ཡིན།  ལྷག་པར་བློ་རིག་བསྐྱེད་པའི་སློབ་གསོའི་ཕྱོགས་ལ་ཤུགས་སྣོན་ཅིང་།  ཆུང་དུས་ནས་རང་ཉིད་ཀྱི་བྱིས་པ་ནི་རྣམ་རིག་གྲུམ་པོ་ཞིག་ཏུ་ཆགས་པར་བརྩོན་ནས་མི་ཚེའི་གོ་རིམ་ནི་གཞན་དང་མི་མཚུངས་པ་ཞིག་ཏུ་འགྱུར་བར་ཧུར་བརྩོན་བྱེད།   
        ཁོང་ཚོས་སློབ་གསོ་མེད་ན་མཚར་སྡུག་ལྡན་པའི་མ་འོངས་པ་ཞིག་མེད་པར་ཡིད་ཆེས་བྱེད་ཀྱི་ཡོད།  དབྱི་སི་རལ་རྒྱལ་ཁབ་ལ་མཚོན་ན་ལོ14ཡན་གྱི་མིས་ཟླ་རེར་དཔེ་ཆ་གཅིག་རེ་ཀློག་གི་ཡོད།  རྒྱལ་ཁབ་དེར་མི་ཁྲི450ལས་མེད་མོད།  དཔེ་མཛོད་ཁང་དུ་དཔེ་ཆ་གཡོར་མཁན་གྱི་འཛིན་ཡིག་ལེན་མཁན་མི་ཁྲི100ལྷག་ལ་བུད་ཡོད།  

        ཡིའུ་ཐའེ་བས་གཙོ་བོ་གཤམ་གྱི་ཕྱོགས་འགའ་ནས་བྱིས་པར་སློབ་གསོ་གཏོང་བ་སྟེ།   
     གཅིག་ནི་བློ་སྒོ་འབྱེད་པར་གཙིགས་མཐོང་བྱས་ནས།   བྱིས་པ་རང་ཉིད་ཀྱིས་གནད་དོན་བཙལ་དུ་འཇུག་པ་རེད།  ཕ་མས་རྒྱུན་དུ་བྱིས་པ་ལ་དེ་རིང་ནི་ཉིན་མ་གཞན་པ་དང་མི་འདྲ་ས་གང་དག་ཡོད་ཚུལ་འདྲི་བ་དང་།   བྱིས་པ་རང་ཉིད་ཀྱིས་གནད་དོན་འཚོལ་བ་དང་།   རྒྱུ་མཚན་བཙལ་ནས་དོན་དག་གང་རུང་དེ་ཅི་ལྟར་འབྱུང་བའི་རྒྱུ་རྐྱེན་དང་གནས་ལུགས་ཤེས་སུ་འཇུག་པ་རེད།   
       གཉིས་ནི་སྲོལ་རྙིང་མཁྲེགས་འཛིན་མི་བྱེད་པར།   བྱེད་སྟངས་དང་སྒྲུབ་སྟངས་ཐོད་བརྒལ་བྱེད་རྒྱུ་དེ་རེད།  ཁོང་ཚོས་གསར་གཏོད་མེད་པའི་སློབ་སྦྱོང་ནི་ལད་ཟློས་ཁོ་ན་ཙམ་ཡིན་པ་དང་།  སློབ་སྦྱོང་བྱེད་ན་བསམ་གཞིག་བྱ་རྒྱུ་དེ་རྨང་གཞི་བྱེད་དགོས་པར་བསྟན་ཡོད།  དེའི་རྐྱེན་གྱིས་བྱིས་པས་རྒྱུན་དུ་ཐེ་ཚོམ་དང་དོགས་པ་འཚོལ་བ་དང་དུས་གང་རུང་དུ་དྲི་བ་འདོན་པར་སློབ་གསོ་གཏོང་བ་ཡིན།   ཐེ་ཚོམ་ནི་རྣམ་དཔྱོད་ཀྱི་སྒོ་ཆེན་འབྱེད་པའི་ལྡེའུ་མིག་ཡིན་ལ།  ཁོང་དུ་ཆུད་པ་མང་ན་ཐེ་ཚོམ་མང་པོ་ཞིག་སྐྱེས་ཤིང་།  དེའི་ཞོར་ལ་འདྲི་གཞི་མང་པོ་ཞིག་ཀྱང་འབྱུང་བར་འདོད་ཡོད།    ཡིའུ་ཐའེ་ཁྱིམ་ཚང་གིས་བྱིས་པ་སློབ་གྲྭ་གྲོལ་རྗེས་འདྲི་བའི་སྐད་ཆ་འགོ་མ་ནི།   དེ་རིང་ཁྱོད་ཀྱིས་དགེ་རྒན་ལ་དྲི་བ་ཨེ་དྲིས་ཞེས་པ་དེ་རེད།  འདི་ལྟ་བུའི་སློབ་གསོ་ལ་བརྟེན་ནས་ཁོང་ཚོའི་བློ་རིག་དང་རྣམ་དཔྱོད་ལ་འབྲས་བུ་ཟབ་མོ་སྨིན་པ་རེད།   
       གསུམ་པ་ནི་ཐབས་ལམ་ཁོང་དུ་ཆུད་པར་རོགས་བྱེད་པ་ལས།   ཤེས་བྱ་རྐྱང་རྐྱང་ཁྲིད་ཀྱི་མེད།   ཁོང་ཚོས་བྱིས་པ་ཚོར་སློབ་གསོ་གཏོང་དུས།  ངེས་པར་བྱིས་པ་རང་ཉིད་ཀྱིས་སློབ་སྦྱོང་གི་ཐབས་ལམ་ཁོང་དུ་ཆུད་དགོས་ཞེས་བཤད་ཀྱི་ཡོད།     སློབ་སྦྱོང་གི་ནང་དོན་ལྟར་ཅི་ལྟར་དམིགས་འབེན་གཏན་འཁེལ་བྱེད་པ་དང་།  ཅི་ལྟར་འབྲེལ་ཡོད་ཀྱི་རྒྱུ་ཆ་འཚོལ་སྡུད་བྱེད་པ།  གནས་གཅིག་བརྒྱུད་ནས་ཁྱོན་ཡོངས་ལ་བསམ་གཞིགས་བྱེད་པའི་སློབ་སྟོན་གནང་བརེད།   ( ཚེ་དོན་གྱིས་བསྒྱུར།)