རྒྱལ་ཐང་གཞས་མོའི་དགའ་སྡུག་སྟོན་བྱེད་ཀྱི་རྩོམ་རྩལ་བརྗོད་པ།

རྩོམ་པ་པོ།   པད་མ་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2018-03-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ཤར་རྒྱལ་ཐང་འོ་མ་མཚོ་ཁ་ནོར་བུའི་ས་ཆ་ཞིག་ཡིན་ཞིང་། ཕུན་སུམ་ཚོགས་པའི་རིག་གནས་དེ་ནི་ས་ཆའི་རྒྱན་ཆ་ལྟ་བུ་རེད། དེའི་ནང་ལ་རྒྱལ་ཐང་བོད་ཀྱི་གཞས་མོ་ནི་མེད་དུ་མི་རུང་བའི་སྙན་རྩོམ་གྱི་ཆ་ཤས་ཞིག་ཡིན་པ་རེད།  དགའ་སྡུག་སྟོན་བྱེད་ཀྱི་རྩོམ་རྩལ་དེ་རྒྱལ་ཐང་བོད་ཀྱི་གཞས་མོའི་ནང་ལ་དཔེར་མང་པོ་འདུག 

དགའ་སྡུག་སྟོན་བྱེད་ཀྱི་རྩོམ་རྩལ་ཞེས་པ་ནི་རྩོམ་ཡིག་འབྲི་སྟངས་གཙོ་བོའི་ཆ་ཤས་ཞིག་རེད།   དེ་ནི་བརྩེ་དུང་མཚོན་པར་གཙོ་བོར་བྱས་ནས་རྩོམ་འབྲི་བྱེད་པ་དང་། དངོས་དོན་ལ་རྟེན་ནས་ཞེན་ཆགས་མཚོན་པ་དང་། ལྗོངས་ལ་རྟེན་ནས་སྤྲོ་ཉམས་མཚོན་པ་དང་།  དངོས་པོ་ལ་རྟེན་ནས་ཚིག་དོན་མཚོན་པ་སོགས་དགའ་སྡུག་བྱེད་ཀྱི་འབྲི་ལུགས་ཡོད་པ་རེད། དེས་ཕུན་སུམ་ཚོགས་པའི་གཅིག་རྟེན་གཅིག་དྲན་གྱི་སྒོ་ནས་གནས་ཚུལ་ཁྱབ་སྤེལ་བྱས་ནས་མྱོང་བའི་འཚོ་བ་དང་སྤྲོ་སེམས་བརྩེ་དུང་དུ་མཚོན་པ། མངོན་ཆུང་དང་རྟགས་མཚན་གྱི་འབྲི་སྟངས་ཕུན་སུམ་ཚོགས་པ་སྟེ།  དགའ་སྡུག་སྟོན་བྱེད་ཀྱི་སྙན་ངག་དང་ཆ་འདྲ་བ་དང་། བརྩེ་དུང་དང་གཏན་ཚིག་ཉམས་འདྲེས་པ། སྤྲོ་སེམས་དང་ལྡན་པའི་སྒྱུ་རྩལ་གྱི་གཟུགས་དབྱིབས་གཞན་དག་ལ་བརྡ་སྤྲོད་པ། འོག་ན་རྒྱལ་ཐང་བོད་ཀྱི་གཞས་མོའི་ནང་ཡོད་པའི་རྩོམ་ཚུལ་སྣ་ཚོགས་བཤད་པ་ལས།

〔ཀ〕 ཐད་ཀར་སེམས་ནང་བསམ་ཚུལ་དྲང་པོར་མཚོན་པ།

གླུ་མཁན་གྱི་རྩོམ་པའི་གཞས་མོའི་ནང་བརྗོད་བྱ་དྲང་པོར་བརྡ་སྤྲོད་པ་དང་དཔྱད་གཏམ་བརྗོད་པ། རང་གིས་ཞེ་སྡང་གི་ཞེན་ཆགས་དེ་མངོན་པར་མཚོན་པ་སྟེ།དཔེར་ན།

སེམས་ཚ་མི་ཆེ་བསམ་བྱུང་།།

མི་ཆེ་རང་དབང་མི་འདུག།

སེམས་ཚ་ཆེ་སྡོད་དགོས་ཀྱིས།།

ཨ་མཐུན་ལོ་ཆུང་གིས་བཟོས་ཀྱང་།།

འདི་ལ་ཐད་ཀར་སེམས་ནང་གི་བསམ་ཚུལ་དྲང་པོར་མཚོན་པའི་རྩོམ་ལུགས་སྤྱོད་པ་དང་། ངལ་རྩོལ་མི་དམངས་ཀྱིས་གཞན་དག་གི་དངོས་པོ་ལ་རྟེན་ནས་ཞེན་ཆགས་མཚོན་མེད་པ།དེ་དྲང་པོར་དཔྱད་གཏམ་བརྗོད་པ། རང་གི་ཞེ་སྡང་གི་ཞེན་ཆགས་མཚོན་པ་སྟེ།ཨ་མཐུན་ལོ་ཆུང་ནི་སེམས་བཞག་མ་ཕོད་པས་རང་ལ་སེམས་ཚ་རང་དབང་མེད་པ་བྱུང་བ།

〔ཁ〕  དངོས་དོན་ལ་རྟེན་ནས་ཞེན་ཆགས་མཚོན་པ།

འདི་ནི་གླུ་མཁན་གྱིས་བྱ་བ་གང་ཡང་རུང་བ་ཞིག་གི་འཕེལ་རྒྱས་བརྒྱུད་པ་དང་མི་རྣམས་ཀྱིས་སྣ་མིན་སྣ་ཚོགས་ཀྱི་བྱ་བ་ལ་རྟེན་ནས་མཚོན་པས། མཚོན་བྱའི་དམིགས་ཡུལ་ཐོན་པ་སྟེ།     དཔེར་ན།

འགྲོ་དགོས་འགྲོ་དགོས་བསམ་ནས།།

རྟ་ལ་སྒ་ཅིག་རྒྱབ་ཡོད།།

རྟ་པོ་སྒ་རྐྱང་སྟན་རྐྱང ་།།

རང་སེམས་བདེ་རྒྱུ་མི་སྣང་།།

འདི་ལ་དངོས་དོན་གྱི་རྒྱུ་མཚན་ལ་རྟེན་ནས་ཞེན་ཆགས་མཚོན་པའི་འབྲི་ལུགས་སྤྱོད་པ་སྟེ།  ཕོ་གསར་གྱིས་འགྲོ་དགོས་བསམ་ནས་རྟ་ལ་སྒོ་ཅིག་རྒྱབ་ཡོད་ཀྱང་རྟ་ཕོ་སྒ་རྐྱང་སྡན་རྐྱང་།   རང་སེམས་བདེ་རྒྱུ་མེད་པས་བྱ་བ་དེའི་འཕེལ་རྒྱས་གྱུར་བ་དང་ཕོ་གསར་གྱི་སེམས་ཁམས་ཀྱི་འགུལ་སྤྱོད་ལ་རྟེན་ནས་རང་གི་མཚོན་བྱ་དམིགས་ཡུལ་དུ་འབྱོར་བ་བསྟན་པ།

〔ག〕   ལྗོངས་ལ་བརྟེན་ནས་བརྩེ་དུང་མཚོན་པ།

འདི་ནི་གླུ་པ་པོས་ཐོག་མའི་བརྩེ་དུང་དྲང་པོར་མ་བརྗོད་པར་རང་བྱུང་གི་མཛེས་ལྗོངས་ལ་ཉམས་འགྱུར་འབྲི་བའི་སྒོ་ནས་རང་གི་བརྩེ་དུང་ཕྱིར་མཚོན་པ་ནི།   དཔེར་ན།

ལམ་ཅིག་རྒྱ་ལམ་ནང་ལ།།

         ཁམ་བུ་ཤིང་སྡོང་འཁྲུངས་བྱུང་།།

མེ་ཏོག་མིག་ཁ་མཛེས་བྱུང་།།

ཁམ་བུ་ཁ་ལ་ཞིམ་བྱུང་།།

འདི་ལ་ལྗོངས་ལ་བརྟེན་ནས་བརྩེ་དུང་མཚོན་པའི་རྩོམ་ཚུལ་སྤྱོད་པ་སྟེ།   རྒྱ་ལམ་ནང་ལ་སྐྱེས་པའི་ཁམ་བུ་ཤིང་སྡོང་དང་།        མེ་ཏོག་དང་། ཁམ་བུ་རྣམས་ཀྱི་གཟུགས་དབྱིབས་ལ་ཉམས་འགྱུར་འབྲི་བ་ལ་རྟེན་ནས་རང་གི་ཆུང་འདྲིས་ནི་ལུས་ངག་ཡིད་གསུམ་གཅིག་པུ་ཡིན་པ་དེ་ཕྱིར་སྟོན་པ།

〔ང〕  དངོས་པོ་ལ་རྟེན་ནས་ཚིག་དོན་མཚོན་པ།

འདི་ནི་གླུ་མཁན་གྱིས་དེར་ལྡན་གནས་ཚུལ་ཁ་ཤས་ལ་བརྟེན་ནས་ཉམས་འགྱུར་འབྲི་བ།རང་གི་བསམ་དོན་དང་།རེ་བ་ཕྱིར་མཚོན་པ། གཞས་མོའི་ནང་དོན་གཙོ་བོ་གསར་བར་སྟོན་པ་ནི།    དཔེར་ན།

ང་ནི་ཚུར་ཁ་ལྕང་མ།།

ཁྱེད་ནི་ཕར་ཁ་ལྕང་མ།།

རང་གཉིས་བློ་སེམས་མཐུན་ན།།

ལྕང་རྩེ་མདུད་པ་མདུད་ཆོག།

འདིར་དངོས་པོ་ལ་རྟེན་ནས་ཚིག་དོན་མཚོན་པའི་འབྲི་ལུགས་སྦྱོར་བ་སྟེ།  ཚུར་ཁའི་ལྕང་མ་དང་ཕར་ཁའི་ལྕང་མ་གཉིས་ལ་ལྡན་བྱ་བ་བཀོད་ནས་རང་གི་བསམ་དོན་དང་འདོད་ཚུལ་ཕྱིར་མཚོན་པ་སྟེ།   རང་གཉིས་བློ་སེམས་མཐུན་ན་དགའ་རོགས་སྒྲིག་ཆོག་པ་བརྗོད་པ།

གོང་ལ་བརྗོད་པའི་དགའ་སྡུག་སྟོན་བྱེད་ཀྱི་འབྲི་ལུགས་དེ་རྩོམ་འབྲི་བྱེད་པའི་འབྲི་ཚུལ་ཆ་ཤས་ཡིན་པ་དང་།  ངལ་རྩོལ་མི་དམངས་ཀྱི་རང་གི་འཚོ་བ་མྱོང་ཚུལ་དང་།ད་ཡོད་པའི་འཚོ་བ།  མ་འོངས་པའི་འདོད་ཚུལ་སོགས་མཚོན་དགོས་པའི་ཆེད་དུ་མེད་དུ་མི་རུང་བའི་སྙན་རྩོམ་གྱི་ཆ་ཤས་ཡིན་ཞེས་བཤད་ཆོག་པ་སྟེ།

གཅིག་ནི་བོད་རིགས་ཀྱི་རྩོམ་འབྲི་སྒྱུ་རྩལ་གྱི་བསམ་གཞིགས་ནི་གཟུགས་དབྱིབས་བསམ་གཞིགས་དང་གཉིད་ལམ་འཕྲུལ་སྣང་འདུར་ཤེས་སུ་གལ་ཆེར་འཛིན་པ་དང་།སྤྱི་མཚན་དུ་གྱུར་བའི་བསམ་གཞིགས་སུ་གལ་ཆེར་མི་འཛིན་པ།   ཡིན་ན་ཡང་སྤྱི་མཚན་དུ་གྱུར་པའི་བྱ་བ་རྣམས་ཕལ་ཆེར་དངོས་ཡོད་བྱ་བར་འགྱུར་བ།     དེ་མིན་གཅིག་ན་མི་རིགས་ཀྱི་བསམ་གཞིགས་རྣམ་པ་གསར་པོར་མཚོན་པ།

གཉིས་ནི་གཞས་མོའི་ནང་དོན་གཅིག་པུ་ཡིན་ཞིང་སྦྱོར་ཚུལ་མང་པོ་ལ་བཀོད་པ།  སྐད་ཆ་ཉུང་ཞིང་བབ་ཆགས་པ་དང་།གོ་བདེ་ཞིང་ཤེས་སླ་བའི་ཁྱད་ཆོས་དང་ལྡན་པ།

གསུམ་ནི་ངལ་རྩོལ་མི་དམངས་རྣམས་རང་གནས་པའི་རང་བྱུང་ས་ཁུལ་ནང་གི་རི་ནགས་ཆུ་གསུམ་དང་།  ཉི་ཟླ་སྐར་གསུམ།  རྟ་ནོར་ལུག་གསུམ། བྱ་རིགས་རྣམས་གསུམ།  ཁ་ཆར་སྤྲིན་གསུམ་སོགས་ལ་རྟེན་ནས་གཞས་མོའི་ཐོག་མའི་དཔྱད་གཞི་བཀོད་ནས་འདོད་གཞས་རྩོམ་པ་དང་།   དངོས་སུ་ངལ་རྩོལ་མི་དམངས་རྣམས་ཀྱི་དམངས་ཁྲོད་སྒྱུ་རྩལ་གྱི་ཁྱད་ཆོས་དེ་ཕྱིར་སྟོན་པ་རེད།

བཞི་ནི་གཞས་མོའི་ནང་གི་ཐོག་མའི་དཔྱད་གཞི་ལ་བལྟས་ནས་བོད་མི་རིགས་ཀྱི་འདོད་གཞས་ཡིན་པ་དེ་གསལ་པོར་མཚོན་ཐུབ་པ།   དཔེར་ན་གཞས་མོའི་ཚིག་ནང་བཀྲ་ཤིས་རྟགས་བརྒྱད་དང་།   ཞྭ་མོ་ཚེ་རིང་།    ཆོས་དར།   རྡོ་འབུམ་སོགས་ཡོད་པ་དང་།    འདི་རིགས་ནི་བོད་རིགས་མ་གཏོགས་མི་རིགས་གཞན་དག་རྣམས་ལ་མེད་པ།    གཞས་མོ་དེ་ཚོ་བོད་རིགས་ཀྱི་འདོད་གཞས་ཡིན་པ་གསལ་པོར་ཤེས་ཐུབ་པ།   བོད་མི་རིགས་ཀྱི་ཁྱད་ཆོས་དམིགས་བསལ་ཅན་དེ་མཚོན་པ།   གོང་དུ་བརྗོད་པ་འདི་ཚོ་ནི་གནད་ལ་མི་འཁེལ་བའི་གཏམ་ཡིན་པ་ལགས་ན།  ཆེད་ལས་མཁས་པ་དང་ལས་གྲོགས་རྣམས་པས་རྩ་ཆེའི་དགོངས་འཆར་ལྷུག་སྩོལ་གནང་རེ་ཡོད་དོ། །