ཆེ་དགྲ་ལྷས་དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་ཀྱི་གོམ་སྟབས་འགོག་མི་ཐུབ་ཅེས་གསུངས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-03-30   རྩོམ་ཁུངས།    མི་དམངས་དྲ་བ།

        ཟླ་3ཚེས་27ཉིན་གྱི་དགོང་མོ། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་59འཁོར་བར་དྲན་གསོ་ཞུ་བའི་བརྙན་འཕྲིན་གསུང་བཤད་གནང་ཞིང་། ཁོང་གིས“བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་རླབས་ཆེན་གྱི་དུས་ཆེན་དེར་དྲན་གསོ་ཞུས་ནས་ང་ཚོས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། དོན་དངོས་ལ་ཡིད་ཆེས་ཀྱིས་ཁེངས་པ། འབྱུང་འགྱུར་ལ་ཆོད་སེམས་ཀྱིས་ཕྱུག་པ་བཅས་བྱེད་དགོས”ཞེས་གསུངས་པ་རེད།
        1959ལོའི་ཟླ་3ཚེས་28ཉིན། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་སྣེ་ཁྲིད་དེ་ཟིལ་རླབས་དགུང་འཕྱུར་གྱི་དམངས་གཙོའི་བཅོས་སྒྱུར་ལས་འགུལ་སྤེལ་བའི་ཚ་རླབས་ཤིག་འཕྱུར་བ་དང་། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་གཏོར་བཏང་ཞིང་། དུས་དེ་ནས་བཟུང་ཞིང་བྲན་ཁྲི་ཚོ་བརྒྱར་རང་ཁྱིམ་རང་བདག་གི་དབང་ཆ་ཐོབ་ཡོད། 2009ལོའི་ཟླ་1ཚེས་19ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་ལོ་རེའི་ཟླ་3ཚེས་28ཉིན་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་གཏན་འཁེལ་བྱས་པ་རེད།
        ཆེ་དགྲ་ལྷས་གསུང་བཤད་གནང་སྐབས། བོད་རྙིང་པར་དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་དང་། སྨན་ཁང་། གཞུང་ལམ་བཅས་མེད་ལ་ཚན་རྩལ་ཟེར་བ་དེ་བས་གླེང་ཐབས་བྲལ། ཞིང་བྲན་ལ་ལྟོ་གྲོད་པ་རྒྱགས་པ་བཟའ་རྒྱུ་མེད་ལ། ལུས་དྲོད་པའི་གོས་གྱོན་རྒྱུ་མེད་ཅིང་། རང་དབང་ཟེར་བ་ལྟ་ཞོག་ཞིང་བྲན་བདག་པོའི་གདུག་རྩུབ་ཆེན་པོ་མྱོང་དགོས་ཀྱི་ཡོད། ད་ཆ་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་བ་དང་དེང་རབས་ཅན་གྱི་སྒྲིག་ཆས་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་འགྲོ་བཞིན་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱིས་པར་སྐྱོང་མཁན་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ལས་ཀར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཉམས་ཐག་ལ་རོགས་སྐྱོར་ཐོབ་པ་བཅས་བྱུང་ནས་བདེ་སྐྱིད་འཚོ་བའི་འབད་འཐབ་མཁན་དང་མཉམ་སྤྱོད་མཁན་ལ་གྱུར་ཏེ། ཡར་ངོའི་ཟླ་ལྟར་འཕེལ་བའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་འཛམ་གླིང་ཡང་རྩེར་འགྱིང་ངེར་གནས་ཡོད་ཅེས་གསུངས་པ་རེད།
        གྲངས་གཞི་ལས་མངོན་པར། 2017ལོར་བོད་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1310.6ཟིན་ནས་འཕར་ཚད་ལོ་ལྔ་བསྟུད་མར་རྒྱལ་ཡོངས་ཀྱི་ཨང་གསུམ་པའི་གྲས་སུ་སླེབས་པ་དང་། ལོ་རེར་ཆ་སྙོམས་10.8%འཕར་བ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་4ཙམ་མཐོ་བ་ཡོད། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་13.6%དང་10.3%སོ་སོར་འཕར་ཡོད། ལོ་ལྔའི་རིང་བོད་དུ་མི་འབོར་དབུལ་པོ་ཁྲི་53ཉུང་དུ་སོང་བ་དང་རྫོང(ཆུས)དབུལ་པོ་ལྔ་ཡི་དབུལ་ཞྭ་ཕུད་ཅིང་། རྒྱལ་ཡོངས་ཀྱི་སྔོན་དུ་ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོ་མངོན་འགྱུར་བྱུང་བ་དང་། འདོད་བློ་ཡོད་པའི་འགན་ལེན་ལྔ་བྱ་ཡུལ་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་ཐོན་མར་མངོན་འགྱུར་བྱུང་ལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་སྨན་ཡོན་མི་དགོས་པའི་གཟུགས་གཞི་བདེ་ཐང་གི་བརྟག་དཔྱད་ཐོག་མར་མངོན་འགྱུར་བྱུང་བ་རེད།
        ཆེ་དགྲ་ལྷས“དགུན་དུས་ཀྱི་གྲང་ངར་བརྒྱུད་མྱོང་ཚེ་གཞི་ནས་དཔྱིད་དུས་ཀྱི་དྲོ་སྐྱིད་ལ་གཅེས་སྤྲས་ལྡབ་བརྒྱ་བྱེད་པ་དང་། མུན་ནག་བརྒྱུད་ཚེ་གཞི་ནས་འོད་སྟོང་ལ་གཅེས་སྤྲས་ལྡབ་བརྒྱ་བྱེད་སྲིད” ལོ་59ཡི་རིང་གངས་ལྗོངས་ས་མཐོར་མིའི་རིགས་ཀྱི་འཕེལ་རྒྱས་ཡར་ཐོན་གྱི་བརྗིད་ཆེའི་རོལ་དབྱངས་དཀྲོལ་ཡོད་ལ། དུས་ཐུང་ལོ་ངོ་བཅུ་ཕྲག་རིང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཡང་བཏོད་ཡོད། མི་རིགས་ཀྱི་བདེན་དོན་དང་ལོ་རྒྱུས་ཀྱི་རླབས་རྒྱུན་གྱི་མདུན་དུ་མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་དང་གཡོ་ཐབས་ཚང་མ་ཕམ་ངེས་ཡིན་ལ། མི་དམངས་ཀྱི་རྒོལ་གཏམ་དང་ལོ་རྒྱུས་ཀྱི་ཆད་པ་ཕོག་ངེས་རེད་ཅེས་གསུངས་པ་རེད།
        ཆེ་དགྲ་ལྷས་དུས་རབས་གསར་པ་ནི་འབད་འཐབ་མཁན་ལ་དབང་བའི་དུས་རབས་ཤིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཐུན་མོང་ཐོག་འབད་འཐབ་བྱས་ཚེ་སྟོབས་ཤུགས་གང་ཞིག་གིས་ཀྱང་བོད་མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་དང་རླབས་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པའི་གོམ་སྟབས་འགོག་མི་ཐུབ་ཅེས་གསུངས་པ་རེད།