རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-04-16   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།
བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་སུའོ་དང་ཧྲའན་ཤིས་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཁང་གི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་རྩྭ་མདའ་རྫོང་གླང་ཆེན་ཁ་འབབ་ཀྱི་ཆུ་ལག་གསང་མདའ་གཙང་པོའི་འགྲམ་གྱི་གད་པ་གསེར་མདའ་གནའ་ཤུལ་དང་གླང་ཆེན་ཁ་འབབ་བར་རྒྱུད་ཀྱི་འབྲེལ་ཡོད་གནའ་ཤུལ་ལ་གནའ་རྫས་རྟོག་ཞིབ་བྱེད་སྐབས་བོད་ཀྱི་བང་སོ་སྔ་ཤོས་དེ་རྙེད་པ་རེད།
བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་སུའོ་གནའ་རྫས་རྟོག་ཞིབ་ཆེད་ལས་མཁས་པ་ཤར་རྒན་དབང་འདུས་ཀྱིས། ཉེ་ཆར་ལོ་འཁོར་གྱི་ལས་སྒོའི་ལས་དོན་སྤྱི་དམངས་ལ་ལོངས་སུ་སྤྱོད་པའི་སྙན་ཞུའི་ཐོག་ངོ་སྤྲོད་བྱས་པར། འགྱེད་འཕྲོའི་རང་བཞིན་གྱི་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད། ས་ཁོངས་དེའི་བང་སོའི་ལོ་རབས་ཁག་གཉིས་ལ་དབྱེ་བ་སྟེ། ད་བར་ལོ3560ནས་ལོ3000བར་དང་ད་བར་ལོ2310ནས་ལོ2127བར་ཡིན། དུས་སྔ་མའི་བང་སོ་མང་ཆེ་བ་ནི་རྡོ་ཁང་ལས་གྲུབ་པ་དང་དུས་མཇུག་གི་བང་སོ་ནི་ས་ཁང་ལས་གྲུབ་པ་ཡིན།
གད་པ་གསེར་མདའ་གནའ་ཤུལ་ནི་བོད་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གྲོང་བྱང་རྒྱུད་ཀྱི་སྤྱི་ལེ10ཡི་གསང་མདའ་ལུང་གཞུང་དུ་གནས་ཤིང་། “གད་པ་གསེར་མདའ་བང་སོ་ནི་ད་བར་ཤེས་རྟོགས་བྱུང་བའི་བོད་ཀྱི་བང་སོ་སྔ་ཤོས་ཡིན། དུར་རྫས་ནང་རྡོ་ཆས་དང་། ལིའི་ཡོ་བྱད། རྫ་ཆས་བཅས་ཡོད”ཅེས་ཤར་རྒན་དབང་འདུས་ཀྱིས་བཤད། ད་ཐེངས་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་ལས་དོན་ནི་གླང་ཆེན་ཁ་འབབ་རྒྱུག་ཁུལ་གྱི་གནའ་བོའི་ལྷག་འཕྲོ་དང་དུས་སྔ་མའི་ཤེས་དཔལ་དར་ཚུལ་དང་། དེ་བཞིན་ཉེ་འཁོར་གྱི་གནའ་རྫས་རྟོག་ཞིབ་རིག་གནས་ཀྱི་འབྲེལ་བར་དངོས་པོའི་དཔྱད་ཡིག་དང་ཁུངས་སྣེ་མཁོ་འདོན་བྱས་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་ལས་རྫ་རྒྱུ་དང་། རྡོ་རྒྱུ། རུས་རྒྱུ། ཟངས་རྒྱུ། ལྕགས་རྒྱུ། ཤིང་རྒྱུ། ཤེལ་སྒོ པགས་པ་སོགས་རིགས་ཁག་གི་གནའ་ཤུལ300ལྷག་ཙམ་ཤེས་རྟོགས་བྱུང་བ་དང་། མི་རུས་དང་སྲོག་ཆགས་ཀྱི་རུས་སྒྲོམ་ཁག་གཅིག་འཚོལ་བསྡུ་བྱས་པ་དང་ཤིང་རུལ་དང་། སོལ་བ། སྐྱེ་དངོས་ཀྱི་སོན་སོགས་ཀྱི་མ་དཔེ20ལྷག་ཙམ་འཚོལ་བསྡུ་བྱས་ཡོད།
གནའ་རྫས་རྟོག་ཞིབ་དང་སྔོག་འདོན་བྱེད་རིང་། གནའ་རྫས་རྟོག་ཞིབ་རུ་ཁག་གིས་གནའ་ཤུལ་ཚང་མར་མཁའ་ཐོག་པར་ལེན་དང་དཔེ་དབྱིབས་བཟོས་པ་མ་ཟད། དེའི་ནང་གི་བང་སོའི་གནའ་ཤུལ་གཅིག་གི་མགོ་རུས་དང་མགོ་རྒྱན་ལ་རྡོ་རྒྱུ་དཀར་པོས་ཐུམ་བརྒྱབ་སྟེ་སླད་ཕྱིན་ཚོད་ལྟ་ཁང་དུ་མགོ་རུས་དང་དེ་བཞིན་མགོ་རྒྱན་ལ་དེ་བས་ཚན་རིག་དང་མཐུན་པའི་གཙང་བཤེར་བྱས་ཏེ་སླར་གསོ་ལས་དོན་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།