སེམས་ཀྱི་ཉི་ཟླའི་རྒྱལ་ཐང་བོད་རིགས་ཀྱི་སྲོལ་རྒྱུན་གཉེན་སྟོན་རིག་གནས་ཕྱོགས་བསྒྲིགས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-04-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


 

     ཉེ་ཆར།  ལིའུ་ཙན་དང་ཞའོ་དོན་འགྲུབ།   དབྱང་ལི་ཧྭ་བཅས་ཀྱིས་འཚོལ་བསྡུ་དང་རྩོམ་སྒྲིག་བྱས་པའི་སེམས་ཀྱི་ཉི་ཟླའི་རྒྱལ་ཐང་བོད་རིགས་ཀྱི་སྲོལ་རྒྱུན་གཉེན་སྟོན་རིག་གནས་ཕྱོགས་བསྒྲིགས་ཞེས་པའི་དཔེ་ཆ་དེ་ཡུན་ནན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་ཤིང་།   དཔེ་ཆ་དེ་ནི་བདེ་ཆེན་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་མུ་འབྲེལ་དཔེ་ཚོགས་ཁྲོད་ཀྱི་གྲས་ཤིག་ཡིན་པ་རེད།  

      དཔེ་ཆ་འདིའི་ནང་བཅིངས་འགྲོལ་མ་བཏང་གོང་གི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་བོད་མིའི་གཉེན་སྒྲིག་གོམས་སྲོལ་ནས་འགོ་བརྩམས་ཏེ་དེང་སྐབས་ཀྱི་གཉེན་སློང་བ་དང་གཉེན་རྟགས་རྒྱག་པ།   གཉེན་སྟོན་གྱི་རྣམ་པ་སོགས་གོ་རིམ་ཡོངས་རྫོགས་པར་དང་ཡི་གེ་སྦྲགས་མའི་སྒོ་ནས་ཞིབ་ཕྲའི་ཐོ་འགོད་བྱས་ཡོད།  སེམས་ཀྱི་ཉི་ཟླའི་རྒྱལ་ཐང་བོད་རིགས་ཀྱི་སྲོལ་རྒྱུན་གཉེན་སྟོན་རིག་གནས་ཕྱོགས་བསྒྲིགས་ཞེས་པའི་དཔེ་ཆ་ནང་གི་རྒྱུ་ཆ་ནི་ས་གནས་འདི་གའི་བོད་རིགས་སྒྲུང་པ་རྒན་པའི་ངག་སྒྲོས་དང་ཞལ་འདོན་བྱེད་པའི་ཁྲོད་ནས་བྱུང་བ་ཡིན་ལ།  ཅུང་ཆ་ཚང་བའི་སྒོ་ནས་རྒྱལ་ཐང་བོད་རིགས་ཀྱི་སྲོལ་རྒྱུན་གཉེན་སློང་དང་གཉེན་རྟགས།   གཉེན་སྒྲིག་གི་གོ་རིམ་ཐོ་འགོད་བྱས་ཡོད།    བོད་མི་རྣམས་ནི་གླུ་གར་ལ་མཁས་ཞེས་ཀུན་ལ་གྲགས།  དཔེ་ཆ་འདིའི་ནང་དུ་གཉེན་སྟོན་གྱི་གོ་རིམ་མི་འདྲ་བའི་ཁྲོད་དུ་གླུ་གཞས་ལེན་སྟངས་མི་འདྲ་བ་མང་པོ་ཡོད་པ་རེ་རེ་བཞིན་བཀོད་ཡོད།   གཞས་ཚིག་གི་གསར་རྩོམ་ནི་འཚོ་བ་དང་ངལ་རྩོལ་ལས་བྱུང་བ་ཡིན་ལ་གཙོ་བོ་བོད་རིགས་སྔོན་བྱོན་མེས་པོ་ཚོའི་ཕུན་སུམ་ཚོགས་པའི་ཉམས་མྱོང་ཚུར་སྣང་བྱས་ཡོད་ཅིང་།   ཚིག་གི་གྲུབ་ཆ་གསོན་ཉམས་ལྡན་ཞིང་འཚོ་བ་དངོས་དང་མཐུན་ལ།    སྙན་འཇེབས་ལྡན་པའི་དབྱངས་རྟ་དེ་དག་གིས་ཡིད་སེམས་དབང་མེད་དུ་འགུག་པར་བྱེད།     གཙོ་བོ་རི་ཆུ་ལ་བསྟོད་བསྔགས་འབུལ་བ་དང་།    ཕ་མའི་དྲིན་ལན་དང་གྲོགས་ཀྱི་བརྩེ་སེམས་ལ་བསྟོད་གླུ་འབུལ་བ་སོགས་ཀྱི་ནང་དོན་སྣ་མང་འདུས་ཡོད་པས།   དཔལ་ཡོན་དང་སྤྱོད་བཟང་དར་སྤེལ་དང་རྒྱུན་འཛིན་བྱེད་པའི་སྙན་རྩོམ་གསོན་པོ་ཞིག་རེད།  གསོན་ཉམས་ལྡན་ཞིང་གོ་སླ་བའི་གཉེན་སྟོན་གྱི་གཞས་ཚིག་འདི་དག་བརྒྱུད་དེ་མི་རྣམས་ཀྱིས་བྱམས་བརྩེའི་སེམས་པ་ཞིག་བཟུང་ནས་ཁྱིམ་ཚང་དང་སྤྱི་ཚོགས་འཆམ་མཐུན་ཡོང་བར་དཔེ་སྟོན་གྱི་ནུས་པ་ཐོན་ཡོད།   

     གཉེན་སྟོན་ནང་གི་གླུ་ཚིག་མང་པོས་མི་རིགས་སོ་སོའི་བར་གྱི་མཐུན་སྒྲིལ་ལྡན་པའི་སྣང་བརྙན་གསལ་བརྗོད་བྱས་ཡོད་ཅིང་།   མི་དང་མི་བར་གྱི་བརྩེ་སེམས་དང་།   ལོ་རྒྱུས་ཀྱི་བྱུང་རིམ།   ཁྱིམ་ཚང་གི་སྲོལ་བཟང་སོགས་རྣམ་པ་མང་པོ་ཞིག་ཚུར་སྣང་བྱས་ནས་རྗེས་རབས་པས་ཡིད་རྟོན་དང་དྲང་བདེན།  མཐུན་སྒྲིལ།  ངལ་རྩོལ་ལ་དགའ་བ།   རྒན་བཀུར་གཞོན་གཅེས།    ཁྱིམ་མཚེས་ལ་མཐུན་པ་སོགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་དང་རྒྱུན་འཛིན་བྱེད་དགོས་པའི་སྐུལ་མ་གནང་ཡོད།   སྣང་ཚུལ་འདི་དག་ནི་མིག་སྔར་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་བསྐྲུན་དང་འཆམ་མཐུན་སྤྱི་ཚོགས་གསར་འཛུགས་བྱེད་པར་དངོས་ཡོད་རང་བཞིན་གྱི་ནུས་པ་ཐོན་ཡོད་པ་རེད།