རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-04-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
“གསལ་སྒྲོན་བཞག་ན་སྙིང་རྗེ། གསལ་སྒྲོན་ཁྲིད་ན་ངོ་ཚ། གསལ་སྒྲོན་ཨམ་ཕྲག་ནང་གི ཤིང་ཕོར་ཡིན་ན་བསམ་བྱུང”ཞེས་པའི་ས་ཁྱབ་རྡོ་ཁྱབ་ཀྱི་དམངས་གཞས་དང་། དེ་བཞིན་བོད་ཀྱི་ས་ཕྱོགས་མང་པོར་མནའ་སྐྱེལ་དམ་བཅའ་འཇོག་སྐབས་ཁ་ཕོར་ཚད་དུ་འཛུགས་སྲོལ་ཡོད་པ་ལས། བོད་མི་ཚོས་ཁ་ཕོར་ལ་བཅངས་པའི་བརྩེ་བ་ཟབ་མོ་ཡོངས་སུ་མཚོན་ཐུབ།
ཀུན་གྱི་མཁྱེན་གསལ་ལྟར། སུ་དང་གང་ཞིག་ཡིན་རུང་གསོན་པོར་གནས་ཕྱིན་ཁ་ཕོར་སྤྱད་དེ་བཟའ་བཏུང་ལ་རོལ་བ་དང་། ནམ་ཞིག་ཚེ་ཡི་འཕེན་པ་རྫོགས་པའི་ཉིན་མོར་ཁ་ཕོར་དང་ནམ་ཡང་འབྲལ་བའི་དུས་ཡིན་སྟབས་ཤི་གསོན་ལ་ཐུག་པའི་དམ་བཅའ་ཞིག་ལོས་ཡིན།
ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་ཤིང་ཕོར་ནི་བོད་ཀྱི་ལོ་རྒྱུས་དང་རིག་གནས་ཁྲོད་ཀྱི་གཞི་རྟེན་གལ་ཆེན་ཞིག་རེད། བོད་མི་ཚོའི་འཚོ་བ་དང་ཐོན་སྐྱེད་ཁྲོད་སྤྱིར་ན་མི་རེར་ཤིང་ཕོར་རེ་ཡོད་ཅིང་། དེ་ཡང་ཤིང་ཕོར་ལ་རིགས་འདྲ་མིན་སྣ་ཚོགས་ཡོད་རུང་སྤྱིར་རྩ་ཆེའི་ཤིང་ཕོར་ཐོན་ཡུལ་ཁ་ཤས་ཡོད་པ་ནི། རྒྱ་ཚ་དང་། རྫ་ཡུལ། མཚོ་སྣ། སྟོད་མངའ་རིས་སོགས་ཡོད། ཤིང་ཕོར་གྱི་རིགས་ལ་སྒོག་ཕོར་དང་། ཇ་ཕོར། ཆང་ཕོར། རྩམ་ཕོར་སོགས་ཡོད།
རྒྱ་ཚའི་ཤིང་ཕོར་མང་ཆེ་བ་ནི་ཤིང་སྟག་མ་སོགས་ཀྱི་མཛེར་པ་དང་རྩ་བ་ལས་བཟོས་ཤིང་། དེ་དག་རྒྱན་མ་སྤྲས་ཀྱང་བཟོ་དབྱིབས་ཧ་ཅང་མཛེས་པོ་ཡོད། རྩ་ཆེའི་ཤིང་ཕོར་ནི་ཁམ་སྡོང་དང་རྫབ་ཤིང་སོགས་ཀྱི་མཛེར་པ་དང་རྩ་བ་ལས་བཟོས་པ་ཞིག་ཡིན།
རྫ་ཡུལ་གྱི་ཤིང་ཕོར་སྐད་གྲགས་ཆེན་པོ་བྱེད་དོན་ནི་རྫ་ཡུལ་གྱི་ཤིང་ཕོར་ནི་རོང་སྟོད་རོང་སྨད་དང་། འགྲོ་བ་དགོན། དེ་བཞིན་མགོ་ཡུལ་བཅས་ནས་ཐོན་པའི་ལག་ཁྲ་ཤིང་དང་། གར་མར་ཤིང་། མ་གལ་ཤིང་བཅས་ཀྱིས་བཟོས་པ་ཞིག་ཡིན་པས་རེད།