འཇོལ་རྫོང་ལྕགས་ཕུག་ཡུལ་ནས་མདའ་སྟོན་རོལ་རྩེད་བསྡུས་པ།

རྩོམ་པ་པོ།   རྒྱ་མཚོ།  ཡིག་བསྒྱུར།       དུས་ཚོད།   2018-04-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     ཟླ4པའི་ཚེས་13ཉིན། འཇོལ་རྫོང་ཧྥོ་ཧྲན་ཤང་ལྕགས་ཕུག་གྲོང་ཚོའི་ཡུལ་དུ་དགའ་སྤྲོ་རྣམ་པ་ཞིག་གིས་ཡོངས་སུ་ཁེངས་པ་དང་། མི་གཞི་ནི་ལྕགས་ཕུག་ཤང་ཏང་ཨུ་སྲིད་གཞུང་དང་གྲོང་མི་ཨུ་ཡོན་ལྷན་ཁང་གིས་མཉམ་དུ་སྒྲིག་འཛུགས་གནང་བའི་དུས་ཡུན་ཉིན་གསུམ་རིང་གི་མདའ་སྟོན་ལ་རོལ་གྱི་ཡོད་པའི་རྐྱེན་གྱིས་རེད།   གྲོང་མི་རྣམས་ཀྱིས་ལུས་ལ་གཟབ་ཆས་སྤྲས་ནས་ཡིད་འོང་གི་གར་ལ་རོལ་བ་དང་།   གང་སར་དགའ་སྤྲོའི་དགོད་སྒྲས་ཁྱབ་འདུག   རྫོང་ཕྱི་ནང་གི་མདའ་རྩེད་རིག་གནས་ལ་དགའ་བའི་མདའ་བ་རྣམས་ཀྱིས་ཀྱང་ལུས་ལ་བོད་ལྭ་གཙང་མ་གྱོན་པ་དང་།  ལག་ལ་མདང་རྩིས་ཤིན་ཏུ་ཆེ་བའི་མདའ་གཞུ་བསྣམས་ནས་ཐེངས་འདིའི་མདའ་སྟོན་ནང་ཞུགས་ཡོད་པ་རེད།   ད་ལོའི་མདའ་སྟོན་ནང་དུ་བློ་རིག་དང་ནུས་རྩལ་གཉིས་ཀ་འགྲན་རྒྱུ་གཙོར་བཟུང་ཡོད་ཅིང་།   བར་དུ་པི་ཝང་དཀྲོལ་བའི་ལེ་ཚན་ཡང་བསྣན་ནས་འགྲན་བསྡུར་གྱི་གོ་རིམ་ཇེ་ལེགས་ཇེ་རྒྱས་སུ་བཏང་ཡོད་པ་རེད།  

 


 


 


 


 

      མདའ་རྒྱག་པ་ནི་བོད་རིགས་སྤྱིའི་སྲོལ་རྒྱུན་གྱི་དམངས་སྲོལ་བྱེད་སྒོ་གལ་ཆེན་ཞིག་ཡིན་པ་དང་།  ཁམས་པའི་ཕོ་རྒོད་ཀྱིས་ལུས་སྦྱོང་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་ལ། འཇོལ་རྫོང་གིས་སྲོལ་རྒྱུན་མདའ་རྩེད་སོགས་ལུས་རྩལ་རིག་གནས་རྣམ་གྲངས་མང་པོ་སྔོག་འདོན་དང་སྲུང་སྐྱོབ་བྱེད་པར་ཧུར་ཐག་གིས་ཤུགས་སྣོན་རྒྱབ་ཡོད་ཅིང་།    ལྕགས་ཕུག་གྲོང་ཚོའི་མདའ་སྟོན་བརྒྱུད་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་འབྱུང་བར་ནུས་པ་མི་དམན་པ་ཞིག་ཐོན་བཞིན་ཡོད། 

      འཇོལ་རྫོང་མི་རིགས་རིག་གནས་ལས་དོན་རུ་ཁག་དང་། རྫོང་རིག་གནས་ཁང་གི་འཁྲབ་སྟོན་པས་ཐེངས་འདིའི་མདའ་སྟོན་ཐོག་ནང་དོན་ཕུན་སུམ་ཚོགས་པ་དང་མིའི་ཡིད་སེམས་འགུགས་པའི་རིག་རྩལ་ལེ་ཚན་མང་པོ་ཞིག་འཁྲབ་སྟོན་བྱས་ཡོད་ཅིང་།  ལྕགས་ཕུག་གྲོང་ཚོའི་གྲོང་མི་ཚོ་ཆུང་སོ་སོ་ནས་ཀྱང་གྲ་སྒྲིག་ཞིབ་ཚགས་བྱས་ཏེ།མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་ལེ་ཚན་འཁྲབ་སྟོན་བྱས་ཡོད་པས་ཀུན་གྱི་དགའ་བསུ་དང་གདེང་འཇོག་མི་དམན་པ་གནང་ཡོད།    

      ཁམ་བུའི་མེ་ཏོག་རྣམ་པར་བཞད་པའི་ལྕགས་ཕུག་གྲོང་ཚོའི་མདའ་སྟོན་ནང་ཡུལ་མི་ཚོས་གླུ་དང་གར་ལ་རོལ་བ་དང་།  མདའ་རྩེད་བྱེད་པ།   ཨ་རག་འཐུང་བ་སོགས་རོལ་རྩེད་ཉམས་སུ་མྱོང་བཞིན་ཡོད་པ་མ་ཟད།  ད་དུང་གྲོགས་པོ་ཕན་ཚུན་བར་ཁ་མཚར་རྩེད་རེས་བྱས་ནས་དགོད་ཁ་སློང་བའི་གོམས་གཤིས་ཀྱང་ཡོད་པས་མཚམས་དང་མཚམས་སུ་ཡུལ་མི་རྣམས་ཀྱི་འཚོ་བ་དང་ངལ་རྩོལ་གྱི་ཁྲོད་ནས་ཐོན་པའི་བློ་གྲོས་དང་ངག་གི་སྒྱུ་རྩལ།  འཆམ་མཐུན་དང་བདེ་སྐྱིད་ཀྱི་རྣམ་པ་ལ་སོགས་པ་ཡང་གང་སར་མཐོང་ཐུབ་པ་རེད།