གླུ་གར་མཆོད་པ་ཕུལ་ཏེ་ཏང་ལ་གཏད་པའི་དམངས་སེམས་མཚོན།

རྩོམ་པ་པོ།   བཀྲ་དོན། བདེ་ལེགས།  ཡིག་བསྒྱུར།       དུས་ཚོད།   2018-04-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་བཞི་པའི་ཚེས་ཉི་ཤུ་དང་ཉེར་ཅིག་ཉིན་གཉིས་སུ།རྒྱལ་ས་པེ་ཅིན་གྱི་གོང་མ་ཚང་གི་ཚལ་རིགས་དངོས་མང་བཤམ་སྟོན་ཁང་(皇家菜博物馆)དང་པཱ་ཏ་ལིང་ཆུ་འགག་ལྕགས་རི་(八达岭水关长城)རུ་གོས་རྒྱན་རྣམ་པ་བཀྲ་བ་ལུས་སུ་ཀླུབས་པའི་མི་ཁྱུ་ཞིག་འདུས་ཏེ་སྙན་པའི་གླུ་དང་མཛེས་པའི་གར་མི་རྣམ་པའི་རྣ་བའི་བཅུད་དང་མིག་གི་དཔལ་དུ་ཕུལ་སོང་།


        དོན་དུ་མི་འདི་དག་ནི་རྒྱང་ཡུན་ནན་ནས་རྒྱལ་ས་པེ་ཅིན་དུ་༢༠༡༨ལོའི་ཡུན་ནན་མངོན་མིན་རིག་གནས་ཤུལ་བཞག་སྣང་བརྙན་པེ་ཅིན་དུ་འཁྲབ་སྟོན་ཏེ་མི་རིགས་ཁག་གི་དམངས་སེམས་ཏང་ལ་གཏད་ཅེས་པའི་རིག་རྩལ་མཉམ་འཁྲབ་ཆེ་གྲས་སུ་ཞུགས་མཁན་རེད་འདུག



        ངོ་སྤྲོད་བྱས་པ་ལྟར།   ༢༠༡༨ལོའི་ཡུན་ནན་མངོན་མིན་རིག་གནས་ཤུལ་བཞག་སྣང་བརྙན་པེ་ཅིན་དུ་འཁྲབ་སྟོན་ཏེ་མི་རིགས་ཁག་གི་དམངས་སེམས་ཏང་ལ་གཏད་ཅེས་པའི་རིག་རྩལ་མཉམ་འཁྲབ་ཆེ་གྲས་ཟེར་པའི་བྱེད་སྒོ་འདི་ནི་ཞང་ཀང་དམངས་ཁྲོད་ཟློས་གར་མཁན་མཐུན་ཚོགས་དང་།མཐུན་ཚོགས་དེའི་ཡུན་ནན་ཡན་ལག་ཚོགས་པས་གཙོ་གཉེར་བྱས་ཤིང་།བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླའི་གྲོང་ཁུལ་རྒན་པོའི་སྒྱུ་རྩལ་ཚོགས་པས་དངོས་སུ་འགན་ལེན་ལས་གཉེར་བྱས་ཏེ།བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དང་ཏ་ལི་པའེ་རིགས་རང་སྐྱོང་ཁུལ།ལུའུ་ཅང་ལི་སུའུ་རིགས་རང་སྐྱོང་ཁུལ་བཅས་ས་ཁུལ་གསུམ་པོའི་འཐུས་མི་རུ་ཁག་སྣེ་ཁྲིད་དེ་བོད་རིགས་ཀྱིས་གཙོས་བའི་མི་རིགས་སོ་སོའི་གླུ་གར་ཁྱད་ལྡན་རྣམས་རྒྱལ་སའི་ལྟད་མོ་བ་ལ་མིག་གི་བསོད་ནམས་སུ་ཕུལ།


          ཐེངས་འདིར་པེ་ཅིན་དུ་མཉམ་འཁྲབ་ལ་ཞུགས་པའི་བདེ་ཆེན་འཐུས་མི་རུ་ཁག་ནི་སེམས་ཀྱི་ཉི་ཟླའི་གྲོང་ཁུལ་རྒན་པོའི་སྒྱུ་རྩལ་ཚོགས་པས་འགོ་འཛིན་ནས་རྩ་འཛུགས་བྱས་ཤིང་འཁྲབ་ཚན་ཁག་གི་བདམས་སྦྱོང་ཡང་འགན་ཁུར།ཁོ་ཚོས་མི་རིགས་ཁྱད་ཆོས་འབུར་དུ་ཐོན་པའི་རྒྱལ་ཐང་གི་བྲོ་དང་།འཇོལ་གཞས།རོང་པའི་བྱམས་འཆམ་སོགས་འཁྲབ་སྟོན་བྱེད་པ་མ་ཟད།ཁྲོམ་གཞས་དང་གླིང་སྒྲུང་སོགས་དམངས་ཁྲོད་སྒྱུ་རྩལ་གྱི་ཉིང་བཅུད་ཀྱང་མི་རྣམས་ལ་ལྟད་མོ་སྟོན།གདན་ཞུའི་མཁས་དབང་ཚོའི་དཔྱད་བསྡུར་ཞིབ་ཚགས་བརྒྱུད་དེ་མཐར་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླའི་གྲོང་ཁུལ་རྒན་པོའི་སྒྱུ་རྩལ་ཚོགས་པ་ལ་བྱ་དགའ་ཨང་དང་པོ་ཐོབ།


           མཐའ་མཚམས་བོད་ཁུལ་གྱི་སྙན་པའི་རོལ་དབྱངས་རྒྱལ་ས་པེ་ཅིན་དུ་ལྷང་ལྷང་གྲགས་ཤིང་མཛེས་པའི་བྲོ་གཞས་རྒྱ་ནག་ལྕགས་རིའི་ཞོལ་དུ་འཁྲབ་སྟེ་ཡུན་ནན་བོད་ཁུལ་གྱི་ཞི་མཐུན་བདེ་འཇགས་ཀྱི་རྣམ་པ་བཟང་པོ་གསལ་སྟོན་བྱས་ལ་བོད་རིགས་མི་དམངས་ཚོས་ཏང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་བ་ཟབ་མོའང་ཤུགས་སུ་མཚོན།