རྩོམ་པ་པོ།   རིན་ཆེན།  ཡིག་བསྒྱུར།       དུས་ཚོད།   2018-05-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ཕྱི་དྲོ་དེར་སྤྲིན་ནག་དུམ་བུ་འགའ་ཤྭ་ཁ་རི་བོའི་གཡོན་ཕྱོགས་སུ་འདུས་ཤིང་། ཅི་ཞིག་ལ་གྲོས་མཐུན་བྱུང་བ་བཞིན་གློ་བུར་དུ་འཚབ་འཚུབ་ངང་རང་རང་གི་ཕྱོགས་སུ་རྒྱུག་སྟེ་གཡའ་དག་པའི་རྒྱལ་ཐང་གི་ནམ་མཁའ་དེ་རིམ་གྱིས་ཁྱུད་མིད་བཏང་ཞིང་། ཅུང་མ་འགོར་བར་དགོན་པའི་མཁའ་དབྱིངས་ན་མཚོ་མོ་བཞིན་འཁྱིལ་ཞིང་སྒེའུ་ཁུང་བཞིན་ཕྱེ་བའི་སྔོ་བསང་ནམ་མཁའ་དེ་ཡང་སྤྲིན་ནག་གིས་ཡོངས་སུ་ཡིབས་སོང་།
ནམ་མཁའ་སྤྲིན་ནག་གིས་བཟུང་བས་ཕྱི་དྲོ་དེ་སྔར་ལས་མུན་ནག་ཏུ་གྱུར་ཞིང་རླུང་འཚུབ་ཀྱི་རྒྱུ་བ་ཡང་སྔར་ལས་ཇེ་དྲགས་ཏུ་སོང་། ཡུད་ཙམ་གྱི་སྔོན་ན་འོ་མ་མཚོའི་མཚོ་ངོགས་ན་ལྷོད་ཀྱིས་རྩྭ་ཆུ་ལ་རོལ་བཞིན་པའི་མཛོ་དང་མཛོ་མོ་དེ་དག་ལ་དྲགས་རླུང་གིས་སྔོན་བརྡ་ཞིག་བཏང་བ་ཇི་བཞིན་ངུར་ཞོར་དུ་ལྷས་རའི་ཕྱོགས་སུ་བསྐྱོད་ཅིང་། ཁྱུང་རིའི་མགོ་ན་ཁ་བ་དང་འདྲེས་ཡོད་པའི་ལུག་ཁྱུ་དེས་ཀྱང་མ་འབོད་བུ་འབོད་བྱས་རྗེས་སྟར་བརྡང་འཐེན་ཏེ་སྡེ་བའི་ཕྱོགས་སུ་ཞོགས་སོང་། དེ་མིན་ད་རུང་ནགས་ཕག་མཚོ་ན་དགུན་བསྐྱལ་ཏུ་ཡོང་བའི་ཁྲུང་ཁྲུང་སྐེ་ནག་གཙོ་བྱས་པའི་བྱ་ཚོགས་ཀྱིས་ཀྱང་ཁ་བ་འབབ་པར་སེམས་འཚབ་སྐྱེས་ཏེ་གཅིག་རྗེས་གཉིས་མཐུད་ཀྱིས་སྐད་ངག་སྒྲོག་ཅིང་། དྲགས་རླུང་དང་འགྲོགས་པའི་རི་ལུང་འདི་སྔར་ལས་འདུ་འཛི་ཞིག་ཏུ་སྣང་།
དྲགས་རླུང་དེ་ཡུད་ཙམ་འཇགས་ཤིང་བྲེལ་གྱིས་རྒྱུ་བཞིན་པའི་རྫ་ཁའི་སྤྲིན་པ་དེ་ཡང་རེ་ཞིག་ལྷོད་ལ་བབས་ཏེ། ཁོར་ར་ཁོར་ཡུག་ཀུན་སྔར་ལས་ལྷིང་འཇགས་ཤིག་དང་ནམ་ཟླ་ཡང་ཅུང་དྲོད་འཇམ་ཞིག་ཏུ་གྱུར། ཡོད་ཚད་འདིར་ལྟར་ལྷོད་གཡེང་དུ་ཡོད་པའི་སྐབས་འདིར་བློ་བུར་ཏུ་ཁ་བའི་འདབ་མ་ཐོག་མ་དེ་ངའི་མི་ཟུང་དང་རྫོང་སྟུག་པའི་རྫི་མའི་གཤོག་ཟུང་གི་མཚམས་སུ་ལྷུང་ཞིང་། ངས་རང་དབང་མེད་པར་མགོ་བོ་ཡར་དགྱེ་བ་ན་དཀའ་ནག་འདྲེས་མའི་སྤྲིན་པས་ཁེབས་ཡོད་པའི་མཁའ་དབྱིངས་ན། ཁ་བའི་འདབ་མ་ཁྲི་ཕྲག་མང་བོ་རྒྱལ་ཐང་གི་རི་འདིར་ལྷུང་ཡོང་། དེ་དག་ནི་མེ་ཏོག་གི་འདབ་མ་ཅན་དང་མུ་ཏིག་གི་ཁ་མདོག་ཅན། སྲང་བལ་གྱི་འདབ་མ་ཅན་དང་སྤྲིན་དཀར་གྱི་ཁ་མདོག་ཅན། བལ་དཀར་གྱི་འདབ་མ་ཅན་དང་དུང་གི་ཁ་མདོག་ཅན། བགྲང་ལས་འདས་སོང་། འདི་ཡང་རྒྱལ་ཐང་གི་ཁ་བའི་ཁྱད་ཆོས་ཡིན་ལ། ལྷག་པར་དུ་མཐོ་སྒང་གི་ཁ་བའི་ཁྱད་ཆོས་ཤིག་ཡིན་པ་རེད།
ངས་འདི་ལྟར་ཁ་བའི་འདབ་མ་དང་རྒྱལ་ཐང་གི་མཛེས་ལྗོངས་ལ་ལྟ་ཞོར་ཤེས་མེད་ཚོར་མེད་ཀྱིས་འོ་མ་མཚོར་ཐོན་ཞིང་། ཁ་བའི་ཁྲོད་ན་མཚོ་བྱ་ཁྱུ་དང་ཁྱུ་བྱས་ནས་ལྷོད་ཀྱིས་རྒྱུ་བཞིན་ཡོད་ལ། དེ་ཡང་ཆེ་ཆུང་མི་གཅིག་པའི་མཚོ་བྱ་གསུམ་བཞི་རེ་ཡང་ཕྱོགས་གཅིག་ཏུ་འདུས་ནས་ཕན་ཚུན་ལྟ་བཞིན་སྐད་སྒྲ་དམའ་མོས་ཀྱ་ཀྱུར་བྱེད་བཞིན་ཡོད་དེ། དེ་ནི་བཟའ་མི་ཚོས་ཉིན་གཅིག་གི་ཙག་ཙིག་གི་བྱ་བ་དེ་དག་དང་དེ་རིང་གི་ཁ་བའི་མཛེས་ལྗོངས་་ལབ་ཀྱིན་པ་དང་གཉིས་སུ་མེད། དེ་མིན་ད་རུང་ལས་ལ་བརྩོན་པའི་མཚོ་བྱ་འགའ་རེ་གྲང་ངར་ལ་མ་འཛེམ་པར་གཟན་ཆས་འཚོལ་བཞིན་ཡོད་ལ། ཁོ་ཚོར་ཐེ་ཚོམ་ཅི་ཡང་མེད་པར་ཡང་དང་ཡང་དུ་མཚོ་གཏིང་ལ་འཛུལ་ནས་ཉ་མོ་འཛིན་བཞིན་མཆིས། ཁ་བ་ཇེ་ཆེ་ནས་ཇེ་ཆེ་ཡིན་ལ། དུས་རྒྱུན་རླུང་བུའི་རམ་འདེགས་འོག་ན་མགོ་བོ་ལྡེམ་ལྡེམ་དུ་གཡོ་བའི་རྒྱ་ལྕང་གི་སྡོང་བོ་དེ་དག་ཡང་ཁ་བའི་ལྗིད་ཀྱིས་མགོ་བོ་བསྣན་དེ་ནམ་རྒྱུན་དང་བསྡུར་ན་སྔར་ལས་གཤིས་འཇམ་ཞིག་དང་བག་ཡངས་ཤིག་ཏུ་སྣང་། མཚོ་མོའི་མཐའ་འཁོར་ན་ཆགས་ཡོད་པའི་སྡེ་འདི་དག་ཡང་སྔར་ལས་ལྷིང་འཇགས་ཤིག་ཏུ་སྣང་ལ། ང་ཀྱག་ཀྱོག་གི་སྲང་ལམ་བརྒྱུད་ནས་སྡེ་བའི་ནང་དུ་སོང་བ་ན། གྲགས་འགུལ་ཅི་ཡང་མེད་པའི་སྡེ་བའི་ནང་འགྲོ་བའི་སྐབས་ལྷ་གཡག་རྟགས་མའི་འཇུར་རྟ་མགོ་ཆེ་གྱོན་ཡོད་པའི་ངའི་གོམ་སྒྲ་ཡང་དུས་རྒྱུན་ལས་ཆེ་བའི་སྣང་བ་ཞིག་སྐྱེས་ཤིང་། ཚོར་བ་བསྐྱེན་པའི་སྒོ་ཁྱི་འགའ་རེས་ཡང་ངའི་ལྗིད་ཏིག་ཏིག་གི་གོམ་སྒྲ་ཐོས་པས་སྐབས་སྐབས་ལ་ཟིག་སྐད་འགའ་རེ་འབྱིན། ད་དུང་ཁྱིམ་ཚང་ལ་ལའི་སྒོ་ཁ་ན་རི་ནས་ཐོན་མ་ཐག་པའི་མཛོ་མོ་འགའ་རེས་བཟའ་མི་ཞིག་གིས་ཕྱི་སྒོ་འབྱེད་པར་སྒུག་ནས་ཡོད་མོད། འོན་ཀྱང་ཁྱིམ་ནང་ན་གྲགས་འགུལ་ཅི་ཡང་མེད་པས་བཟའ་མི་མང་བོ་ཞིག་ཕྱིར་ལས་ཀར་སོང་ནས་ད་རུང་ཁྱིམ་ལ་ཡོང་མེད་པ་འདྲ།
འདི་ལྟར་ང་སྡེ་བའི་ལྟག་རྒྱབ་ཀྱི་སྒང་འབུར་མགོ་དེར་འཛེག་ནས་རི་ལུང་ཀུན་ལ་ཐེངས་གཅིག་བལྟས་པ་ན། ཁ་བ་ལྷབ་ལྷུབ་ཀྱི་ཁྲོད་ན་ཁང་ཀླད་ཤིང་དང་ཕྱོགས་བཞི་སྒེའུ་ཁུང་གིས་བསྐོར་བའི་བོད་ཁང་གི་ཁྱད་ཆོས་འབུར་དུ་ཐོན་ཡོད་པའི་ཁང་བ་རེ་རེ་དྲོད་ཁོལ་གྱི་སྣང་བ་ཞིག་གིས་ཁེངས་ཡོད་ལ། ད་དུང་ཅུང་ཐག་རིང་བའི་རི་མགོ་ན་པོ་ཏ་ལ་ཆུང་བའི་མཚན་སྙན་ཡོད་པའི་ཁམས་ཕྱོགས་ཀྱི་དགེ་ལུགས་པའི་དགོན་སྡེ་ཆེ་གྲས་དགའ་ལྡན་སུམ་རྩེན་གླིང་དེ་ཡང་དུང་མདོག་གི་ཁ་བའི་ཁྲོད་ན་སྔར་ལས་གསེར་འོད་ལམ་ལམ་དང་ལྷོད་ཀྱིས་རྒྱུ་བཞིན་པའི་སྨུག་པ་ལང་ལོང་གི་ཁྲོད་ལྷ་ཡུལ་ལྟ་བའི་མཛེས་རིས་ཤིག་གྲུབ་ཡོད་དེ། འདི་དག་ཡང་རྒྱལ་ཐང་ལ་མི་ཡུལ་གྱི་ཤམ་བྷ་ལ་ཞེས་པའི་མཚན་སྙན་ཐོབ་པའི་ཆ་ཤས་གཙོ་བོ་ཡིན་པ་ཐེ་ཚོམ་མེད།
ཁ་བ་མུ་མཐུད་དུ་འབབ་བཞིན་ཡོད་ལ། ངས་ཀྱང་སྒང་འབུར་འདིའི་མགོ་ནས་དུ་བ་རྐང་གཅིག་མེ་ལ་སྒྲོན་ནས་རྔམ་འཐེན་ཞིག་བྱས་པ་དང་། མུ་མཐུད་དུ་རྒྱལ་ཐང་གི་ཁ་བར་བལྟས་པ་ཡིན་ལ། སྐད་ཅིག་དེར་རང་ཉིད་ཀྱང་རི་ལུང་འདིའི་མཛེས་ལྗོངས་ཀྱི་ཆ་ཤས་གཅིག་ཡིན་པའི་འཕྲུལ་སྣང་སྐྱེས་སོང་། འདིར་ལྟར་ལྗོངས་རྒྱུ་ལ་སོང་བའི་མཐོང་ཐོས་ཕྱིར་དྲན་བྱེད་བཞིན་སང་ཉིན་གྱི་རྒྱལ་ཐང་ནི་དངུལ་དཀར་གྱི་འཇིག་རྟེན་ཞིག་ཡིན་པར་རེ་བས་འཁེངས་ནས་འབོག་ཁྲིའི་སྟེང་དུ་གཉིད་ལ་ཤོར་སོང་།