ལྟོ་ཆས་བཟས་ཚར་རྗེས་འཕྲལ་མར་བྱ་མི་རུང་བ་བདུན་ཁྱེད་ཀྱིས་ཤེས་སམ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-05-10   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

        མི་མང་པོ་ཞིག་ལ་ལྟོ་ཆས་བཟས་རྗེས་འཕྲལ་མར་ཇ་འཐུང་བའམ་ཡང་ན་ཤིང་ཏོག་ཟ་བ་དང་།ཞོ་འཐུང་བ། ཐ་མག་འཐེན་པ་སོགས་ཀྱི་གོམས་གཤིས་ཡོད་པས། གལ་སྲིད་དེ་དག་མ་དོར་ན་ཁྱེད་ཀྱི་བདེ་ཐང་ལ་གནོད་སྲིད་པ་དང་།ལྟོ་ཆས་འཚོ་བཅུད་ལྡན་པ་ཅི་འདྲ་བཟས་ཀྱང་ཕན་པ་ཐོན་མི་སྲིད། 


        ལྟོ་ཆས་བཟས་རྗེས་འཕྲལ་མར་བྱ་མི་རུང་བ་བདུན་ནི།

        1.འཕྲལ་མར་སྒུལ་སྐྱོད་གཏང་མི་རུང་།


        བཤད་སྲོལ་ལ་ལྟོ་ཆས་བཟས་རྗེས་སྒུལ་སྐྱོད་ཐོངས།སྒུལ་སྐྱོད་བཏང་ན་ཚེ་ཐག་རིང་ཞེས་ཟེར་སྲོལ་ཡོད་ཀྱང་། དེ་ནི་ལྟོ་ཆས་བཟས་རྗེས་འཕྲལ་མར་སྒུལ་སྐྱོད་གཏོང་དགོས་པར་ཟེར་གྱི་མེད་པར།ལྟོ་ཆས་བཟས་ནས་ཆུ་ཚད་ཕྱེད་ཀ་ཙམ་སོང་རྗེས་སྒུལ་སྐྱོད་བཏང་ན། ཟས་འཇུ་བདེ་བ་དང་། རྒྱགས་པོ་སྔོན་འགོགགཉིད་ཡག་པོ་ཁུག་པ་སོགས་ལ་ཕན་པོ་ཡོད་པར་ཟེར། 

        ཁྲག་ཤེད་མཐོ་བ་དང་འཕར་རྩ་རེངས་འགྱུར་སོགས་ཀྱི་ནད་ཡོད་པའི་རྒན་རྒོན་ཚོས་ལྷག་པར་དོ་སྣང་བྱེད་དགོས་པ་ཞིག་ལ།ལྟོ་ཆས་བཟས་རྗེས་འཕྲལ་མར་སྒུལ་སྐྱོད་བཏང་ན་སྙིང་ཁྲག་མི་འདང་བ་དང་། མགོ་ཡུ་འཁོར་བ། མིག་འཕྲུལ་བ།དབུགས་ཧལ་བ་སོགས་ཀྱི་སྣང་ཚུལ་ཐོན་སྲིད། 

        2.ཐ་མག་འཐེན་མི་རུང་། 


        ལྟོ་ཆས་བཟས་རྗེས་མིའི་གཟུགས་པོའི་ཁྲག་འཁོར་རྒྱུག་མགྱོགས་སུ་འགྲོ་བ་དང་།ཕོ་བའི་འགུལ་སྐྱོད་མང་དུ་སོང་ནས་ཐ་མག་གི་ཉི་ཀུ་ཏིང་མྱུར་བར་ཁྲག་རྒྱུན་ལ་འདྲེས་ཏེ་ཐ་མག་འཐེན་མཁན་ལ་སི་སངས་སངས་ཀྱི་སྣང་བ་ཞིག་སྟེར་ནས།ཐ་མག་འཐེན་འདོད་ཆེ་རུ་འགྲོ་བ་དང་ཆབས་ཅིག གཟུགས་པོར་རྔུབ་པའི་གནོད་ཡོད་དངོས་པོ་མང་དུ་འགྲོ་བས།ཁྱེད་ཀྱི་བདེ་ཐང་ལ་གནོད་འཚེ་བཟོ་བ་ནི་ཨ་ཅང་བརྗོད་མེད་རེད། 

        3.འཕྲལ་མར་ཇ་བཏུང་མི་རུང་།


        གཉིད་མི་ཁུག་པ་དང་ཕོ་རྒྱུ་ཡག་པོ་མེད་པའི་མིས་ལྟོ་ཆས་བཟས་རྗེས་འཕྲལ་མར་ཇ་བཏུང་རྒྱུ་མེད་ལ།ལྷག་པར་དུ་ཇ་གར་པོ་བཏུང་རྒྱུ་མེད། ཕོ་རྒྱུ་ཡག་པོ་ཡོད་པའི་མིས་ལྟོ་ཆས་བཟས་རྗེས་ཇ་སླ་པོ་བཏུངས་ནའང་ཆོགགཞན་ཡང་ལྟོ་ཆས་བཟས་རྗེས་ཇ་སླ་པོའམ་ཆུས་ཁ་ལ་ཆུ་བཤལ་བཏང་ན་སོ་རུལ་རྒྱུ་སྔོན་འགོག་བྱེད་ཐུབ།

         4.འཕྲལ་མར་ཞོ་བཏུང་མི་རུང་།


        ལྟོ་ཆས་བཟས་རྗེས་ང་ཚོའི་ཕོ་བའི་ཆུ་སྐྱུར་གྱི་ཚད་གཞི་0.9ནས་1.5བར་ཟིན་གྱི་ཡོད་པས།ཆུ་སྐྱུར་པོ་འདུས་པའི་ཁོངས་སུ་གཏོགས་ཀྱི་ཡོད། གལ་ཏེ་དེའི་སྐབས་ད་དུང་ཞོ་བཏུངས་ན། ཞོའི་འཚོ་བཅུད་ཆུ་སྐྱུར་གྱིས་བཀག་ནས་འཇུ་ཐུབ་ཀྱི་མེད།

         5.འཕྲལ་མར་ཤིང་ཏོག་བཟའ་མི་རུང་།


        མི་མང་པོ་ཞིག་ལྟོ་བཟས་རྗེས་ལམ་སེང་ཤིང་ཏོག་བཟའ་རྒྱུར་དགའ་པོ་ཡོད།གོམས་གཤིས་འདི་ཡག་པོ་ཞིག་མིན། གང་ལགས་ཤེ་ན། ཟས་རིགས་མང་པོ་ཞིག་དུས་གཅིག་ཏུ་འདྲེས་ན་ཕོ་བ་སྦོས་པ་དང་ཆུ་སྐྱུར་ལངས་པ་སོགས་ཀྱི་ནད་རྟགས་ཐོན་སྲིད།   དེར་བརྟེན། ཡག་ཤོས་བྱུང་ན་ཁ་ལག་བཟས་ནས་ཆུ་ཚོད་ཕྱེད་ཀའི་རྗེས་ལ་གཞི་ནས་ཤིང་ཏོག་བཟའ་བའམ་ཡང་ན་ལྟོ་དུས་གཉིས་ཀྱི་བར་ཏེ།ཞོགས་པའི་ཆུ་ཚོད་9པ་ནས་10པ་བར་དང་། ཕྱི་དྲོའི་ཆུ་ཚོད་3པ་ནས་4པའི་མཚམས་སུ་བཟས་ན་ལེགས།

         6.ལྟོ་ཆས་བཟས་རྗེས་འཁྱག་ཟས་རིགས་བཟའ་མི་རུང་།


        ཞིབ་འཇུག་བྱས་པ་ལས་མངོན་པར།ལྟོ་ཆས་བཟས་རྗེས་ཁེ་100ཡས་མས་ཀྱི་འཁྱག་པ་བྱི་རིལ་བཟས་ན་ཕོ་བའི་དྲོད་ཚད་ཧྲི་ཧྲེ་ཏུ་10ནས་15བར་ཆག་སྟེ་ཕོ་བ་འཁུམས་ནས།ཟས་རིགས་འཇུ་ཁག་ཏུ་འགྲོ་སྲིད་པ་དང་འཚོ་བཅུད་བསྡུ་ལེན་ལ་གནོད་སྐྱེལ་བ་མ་ཟད། ད་དུང་ཕོ་བ་སྦོས་པ་དང་གྲོད་པ་བཤལ་བ་སོགས་ཀྱི་ནད་རྟགས་ཐོན་སྲིད།

         7.འཕྲལ་མར་གཟུགས་པོ་འཁྲུ་མི་རུང་།


        ལྟོ་ཆས་བཟས་རྗེས་འཕྲལ་མར་གཟུགས་པོ་འཁྲུ་བའམ་ཡང་ན་རྐང་པ་ཆུར་སྦང་མི་ཉན།དེས་ཕོ་བའི་ཁྲག་རྒྱུན་འཁོར་རྒྱུག་ལ་ཤུགས་རྐྱེན་ཐེབས་ནས། ཕོ་རྒྱུའི་འཇུ་ནུས་སྐྱོ་རུ་ཕྱིན་ཏེ།ཟས་རིགས་འཇུ་ཁག་ཏུ་འགྲོ་སྲིད།