ནང་བསྟན་སློབ་གླིང་གི་དགེ་འདུན་པ་༢༠ལ་མཐོ་རམས་པའི་ཡོན་གནས་ཐོབ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-05-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་བཅུ་བཞི་པའི་མཐོ་རམས་པའི་ཡོན་གནས་དཔང་ཡིག་སྤྲོད་པའི་མཛད་སྒོ་པེ་ཅིང་དུ་སྤེལ།



        སྤྱི་ཟླ་༥ཚེས་༡༩ཉིན་གྱི་སྔ་དྲོར། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་བཅུ་བཞི་པའི་མཐོ་རམས་པའི་ཡོན་གནས་དཔང་ཡིག་སྤྲོད་པའི་མཛད་སྒོ་པེ་ཅིང་དུ་སྤེལ་བ་དང་། ཐོབ་ཐང་ཞིབ་བཤེར་དང་ཡོན་གནས་དམ་བཅའ། དཔྱད་རྩོམ་བགྲོ་གླེང་ལ་སོགས་པའི་ལས་རིམ་འགྲུབ་མཐར།  ས་སྐྱ་བའི་དགེ་འདུན་པ་བརྒྱད་དང་དགེ་ལུགས་པའི་དགེ་འདུན་པ་བཅུ་གཉིས་ལ་མཐོ་རམས་པའི་ཡོན་གནས་ཐོབ། 

        ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས། ཀྲུང་གོའི་ནང་བསྟན་མཐུན་ཚོགས་དང་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ལ་སོགས་པའི་འབྲེལ་ཡོད་འགོ་ཁྲིད་དང་ཆོས་ལུགས་མི་སྣ་ཡང་ཡོན་གནས་དཔང་ཡིག་སྤྲོད་པའི་མཛད་སྒོར་ཞུགས་པ་དང་། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཏང་ཙུའུ་ཧྲུའུ་ཅི་དང་རྒྱུན་ལས་གླིང་གཙོ་གཞོན་པ་ཝང་ཁྲང་ཡུས་ཀྱིས་མཛད་སྒོར་གཙོ་སྐྱོང་བྱས། 

        གླིང་གཙོ་ཀུན་མཁྱེན་འཇམ་དབྱངས་བཞད་པ་རིན་པོ་ཆེ་མཆོག་གིས་མཐོ་རམས་པའི་ཡོན་གནས་ཐོབ་མཁན་གྱི་དགེ་འདུན་པར་དཔང་ཡིག་གནང་བ་དང་། ཆོས་ལུགས་མི་སྣའི་འཐུས་ཚབ་ཀྱིས་མཐོ་རམས་པའི་ཡོན་གནས་ཐོབ་མཁན་གྱི་དགེ་འདུན་པར་མཇལ་དར་ཕུལ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་བློ་མཐུན་སྲི་ཐར་གྱིས་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ཞིང་། བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་བྱ་བའི་ཐད་མཛུབ་སྟོན་དང་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་འཛུགས་སྐྲུན་དང་གོང་འཕེལ་ཐད་རེ་བ་བཏོན། 



        སྒྲུབ་ཁང་རིན་པོ་ཆེ་མཆོག་གིས་མཐོ་རིམ་ནང་བསྟན་སློབ་གླིང་དང་། བོད་བརྒྱུད་ནང་བསྟན་ཡོན་གནས་ལས་དོན་མཛུབ་སྟོན་ཨུ་ལྷན་གྱི་འཐུས་ཚབ་བྱས་ནས་གསུང་བཤད་གནང་པ་དང་། ཁོང་གིས་མཐོ་རམས་པའི་ཡོན་གནས་ཐོབ་པའི་དགེ་འདུན་པ་༢༠ལ་བཀྲ་ཤིས་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལམ་ལུགས་ལག་བསྟར་བྱས་པ་ནས་ད་ཚུན་བར་དགེ་འདུན་པ་༡༦༨ལ་མཐོ་རམས་པའི་ཡོན་གནས་ཐོབ་པ་དང་།  བོད་བརྒྱུད་ནང་བསྟན་གྱི་སྤུས་ཚད་མཐོ་བའི་ཤེས་ལྡན་མི་སྣའི་དཔུང་ཁག་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པས། མཐར་ཕྱིན་པའི་པའི་མཐོ་རམས་པ་རྣམས་ཕྱིར་ས་གནས་སུ་ལོག་རྗེས་ལས་འགན་ལྗིད་པོ་འཁུར་ཕོད་པ་དང་། རང་འགུལ་ངང་ནུས་པ་བཏོན་ནས། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་དང་འཚམ་མཐུན་ཡོང་རྒྱུའི་ཐད་འབད་པ་བྱེད་དགོས་པར་གདམས།