སྐབས་བཅུ་བའི་ཁམས་པའི་སྒྱུ་རྩལ་དུས་ཆེན་དེ་ཟླ་9པར་བདེ་ཆེན་ནས་སྤེལ་རྒྱུ་རེད།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-06-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། སྐབས་བཅུ་བའི་ཁམས་པའི་སྒྱུ་རྩལ་དུས་ཆེན་དེ་ད་ལོའི་ཟླ9པའི་ཚེས12ཉིན་ནས་ཚེས15ཉིན་ལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་སྤེལ་རྒྱུ་ཡིན་པ་དང་།མཛེས་སྡུག་ལྡན་པའི་བདེ་ཆེན་དང་འཕྲད་ནས།མཉམ་ལས་འཕེལ་རྒྱས་གཏིང་ཟབ་ཏུ་བཏང་བ་དང་།ལག་གདང་སྦྲེལ་ནས་ཞི་མཐུན་མཉམ་གཏོད་བྱེད་པ་ཞེས་པ་བྱ་འགུལ་གྱི་བརྗོད་གཞི་བྱེད་རྒྱུ་རེད།ཐེངས་འདིའི་མུ་འབྲེལ་བྱ་འགུལ་དེ་2018ལོའི་ལོ་ཡོངས་སུ་ཁྱབ་པ་དང་།མིག་སྔར་གྲ་སྒྲིག་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།                    

རང་ཁུལ་གྱིས་གཏན་འབེབས་བྱས་པའི《སྐབས་བཅུ་བའི་ཁམས་པའི་སྒྱུ་རྩལ་དུས་ཆེན་སྤྱིའི་ཇུས་གཞི་》གཞིར་བཟུང་།ཐེངས་འདིའི་སྒྱུ་རྩལ་དུས་ཆེན་ནི་རིག་གནས་སྒྱུ་རྩལ་བྱ་འགུལ་དང་།ཡུན་ནན།བོད་ལྗོངས།སི་ཁྲོན།མཚོ་སྔོན་བཅས་མཐའ་འབྲེལ་བོད་ཁུལ་གྱི་ཁུལ་དང་གྲོང་ཁྱེར་དྲུག་གི་ཐེངས་བཞི་བའི་མཉམ་འབྲེལ་གྲོས་ཚོགས།ཚོང་འགུགས་མ་འདྲེན་དང་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་།སྒྱུ་རྩལ་དུས་ཆེན་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ།ཁམས་པ་བོད་ཁུལ་གྱི་ཡུལ་སྐོར་ངོ་སྦྱོར་གྲོས་ཚོགས་བཅས་རིགས་ཆེན་མོ་ལྔ་དང་ནང་དོན་ཁག་17གྱིས་གྲུབ་ཡོད་པ་རེད།འདིའི་ཁྲོད་དུ་རིག་གནས་སྒྱུ་རྩལ་བྱ་འགུལ་དེ་བརྗོད་བྱ་གཙོ་བོའི་བྱ་འགུལ་ཁག་6དང་མུ་འབྲེལ་བྱ་འགུལ་7ཡོད་པ་རེད།བརྗོད་བྱ་གཙོ་བོའི་བྱ་འགུལ་དེ་མགྲོན་བསུ་དགོང་ཚོགས་《སེམས་ཀྱི་ཉི་ཟླ་དང་འཕྲད་པ》དང་འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་ཆེན་མོ་《གནམ་སའི་འབྲེལ་མཚམས་》ཁམས་པའི་བོད་ཁུལ་གྱི་ཁུལ་བཞི་ཡི་རིག་རྩལ་འགྲེམས་འཁྲབ།སྐབས་དང་པོའི་སེམས་ཀྱི་ཉི་ཟླའི་“སྨུག་ཕྱི་ཐིག”ཅེས་པའི་སྦྲ་གུར་གླུ་གར་སྤྲོ་ཚོགས།སྐབས་དང་པོའི་ཁམས་པ་བོད་ཁུལ་གྱི་རིག་གནས་སྒྱུ་རྩལ་གྲུབ་འབྲས་འགྲེམས་སྟོན།མཇུག་འགྲིལ་མཛད་སྒོའི་མཉམ་སྤྲོའི་དགོང་ཚོགས་བཅས་ཡོད་པ་རེད།མུ་འབྲེལ་བྱ་འགུལ་ནང་སྐབས་དང་པོའི་ཁམས་པའི་ས་ཁུལ་གྱི་གེ་སར་གླིང་མདའ་འཕེན་རིག་གནས་དུས་ཆེན་དང་།སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག སྐབས་བདུན་པའི་འཇོལ་གྱི་པི་ཝང་དུས་ཆེན།སྐབས་གཉིས་པའི་གཙང་གསུམ་བརྩེ་བའི་མི་རིགས་གླུ་གར་སྤྲོ་ཚོགས།2018ལོའི་འཛམ་གླིང་བྱེས་བགྲོད་སྦག་སྦག་འཁོར་ལོའི་མཉམ་འབྲེལ་འགྲན་བསྡུར།2018ལོའི་སེམས་ཀྱི་ཉི་ཟླའི་རྒྱལ་སྤྱིའི་ལྕགས་མི་འགྲན་བསྡུར།སྐབས་གསུམ་པའི་སེམས་ཀྱི་ཉི་ཟླའི་དགུན་གྱི་རྒྱལ་སྤྱིའི་བྱ་གཟིགས་དུས་ཆེན་སོགས་ཡོད་པ་རེད།པདྨ་མཚོས་བསྒྱུར།