རྒྱལ་ཐང་ཞེས་པའི་མིང་གི་ཐོགས་ཚུལ།

རྩོམ་པ་པོ།   བསམ་འགྲུབ་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2018-06-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།



   ཡུལ་གྲུ་འདིའི་མིང་ལ་རྒྱལ་ཐང་ཞེས་འབོད་པའི་རྒྱུ་མཚན་ཡང་། བཤད་སྲོལ་མང་དུ་མཆིས་ཏེ་མཛོ་འཚོ་སའི་རྩྭ་ར་ཞིག་ཡིན་པས་ན་མཛོ་ཐང་དང་། ཡང་ཁ་དཔེར། ས་དང་བོ་བདམས་པ་ས་ཐམ་ཡིན། ས་གཉིས་པ་བདམས་པ་ཡང་ཐང་ཡིན། ས་གསུམ་པ་བདམས་པ་རྗེས་ཐང་ཡིན་ཞེས་རྗེས་ཐང་དང་། ཡང་ངག་རྒྱུན་དུ་བོད་རྒྱལ་བཙན་པོས་ལོ་རེ་བཞིན་ལྷ་ས་རུ་རྟ་རྒྱུགས་འགྲན་ཚོགས་ཀྱི་དགའ་སྟོན་བསྡུས་པར་རྒྱལ་ཐང་རྟ་བས་ཐེངས་གཅིག་ལའང་དགའ་རྟགས་མ་ལོན་པས་འབྲུ་ཁྲལ་ལྡབ་གཅིག་མཐོ་བར་འཇལ་དགོས་པའི་བཀའ་བབས། དེ་དུས་རྒྱལ་ཐང་དུ་སྟོབས་ལྡན་རྣམ་གྲོལ་ཞེས་པའི་ཕོ་གཞོན་ཞིག་ཡོད་པས་སྙིང་རུས་བསྐྱེད་དེ་རྟ་རྩལ་སྦྱངས་ནས་ཕྱི་ལོར་རྟ་རྒྱུགས་འགྲན་ཚོགས་ལ་ཞུགས་པས་དགའ་རྟགས་ཨང་དང་པོ་ཐོབ་པ་དང་། བོད་རྒྱལ་བཙན་པོ་དགའ་ནས་ཕ་ཡུལ་དུ་ལོག་ན་རྟ་བས་ཉིན་གཅིག་གི་ས་ཁྱེད་ལ་དགའ་རྟགས་སུ་སྟེར་ཞེས་རྒྱལ་ཐང་གི་ས་ཐོབ་ཅིང་ས་འདིའི་རྒྱལ་བོར་གྱུར་བས་རྒྱལ་བུ་འཁྲུངས་ས་ཡིན་པས་ན་རྒྱལ་ཐང་ཞེས་ཐོགས་ཟེར།


    ཡང་ན་ཡུལ་ལྗོངས་འདིའི་ཉེ་འཁོར་ཀུན་ཏུ་མི་རིགས་གཅིག་པ་དུ་མ་གནས་ཀྱང་ཡུལ་མི་རྣམས་ཆས་གོས་དང་གོམས་གཤིས། སྤྱོད་ལམ་དང་ཆ་ལུགས། སྐད་རིགས་རྣམས་མི་རིགས་གཞན་གྱིས་བསྲེ་བསླད་ཉེས་སྐྱོན་སོགས་ཐམས་ཅད་ལས་རྒྱལ་ཏེ་རང་སྲོལ་བརྟན་པོར་གནས་ཐུབ་པས་ན་ཡུལ་གྱི་མིང་ལ་རྒྱལ་ཐང་ཞེས་བཏགས་པ་ཡིན་ཞེས་དང་།

ལོ་རྒྱུས་སྟེང་བོད་རྒྱལ་སྲོང་བཙན་སྒམ་པོས་དམག་དྲངས་ཏེ་རྒྱ་བོད་གཡུལ་འཁྲུག་གིས་རྒྱལ་ཁ་བླངས་པའི་ཐང་ཡིན་པས་ན་རྒྱལ་ཐང་ཞེས་ཐོགས་པར་འདོད་པ་འདི་གཙིགས་ཆེ་ལ་གང་ལྟར་དུས་ཀྱི་འཕོ་འགྱུར་དབང་གིས་ཡུལ་གྱི་མིང་ཡང་གང་རུང་ཞིག་འགྱུར་ཡོད་པར་སྣང་ཡང་བར་སྐབས་ཤིག་ནས་རྒྱལ་ཐང་ཞེས་ད་ལྟའི་བར་འབོད་སྲོལ་ཆགས་པ་འདིའོ།།

    ཡང་རྒྱ་དང་འཐབ་མོ་བཀྱེ་བའི་ཐང་ཡིན་པས་ན་རྒྱ་ཐང་ཞེས་མིང་འདོགས་མང་མོད། ལོ་རྒྱུས་ཡིག་རྙིང་ལས་རྒྱལ་ཐང་ཞེས་པའི་ཡི་གེ་དེ་གཉིས་མང་བོ་མཐོང་རྒྱུ་འདུག་ལ། སྐབས་ལ་ལར་རྒྱལ་ཏམ་ཞེས་པ་མཐོང་རྒྱུ་སྣང་།

     ལེགས་བྱས་བསོད་ནམས་ཀྱི་དཔལ་ཡོན་སྟོང་གིས་ཕྱུག་པའི་ཡུལ་ལྗོངས་འདི་ལ་སྔོན་གྱི་དུས་སུ་རྫོང་ཁག་ལྔར་བཅད་ཡོད་ལ། རྫོང་ཁག་ལྔ་ནི། རྒྱལ་ཐང་ཡུལ་ལྟེ་བའི་ཤོག་ཁག་བཅུ་ལ་རྫོང་ཁག་གཅིག  བྱང་དང་བྱང་ཤར་མཚམས་སུ་གཏེར་མ་རོང་ཤོག་བརྒྱད་དང་ལམ་ཚན་དགུ་ལ་རྫོང་ཁག་གཅིག  ལྷོ་ཕྱོགས་སུ་ཡང་ཐང་ཤོག་ཆེན་ལྔ་ལ་རྫོང་ཁག་གཅིག  འཇང་ཤོག་ཆེན་བརྒྱད་ལ་རྫོང་ཁག་གཅིག  ནུབ་ཕྱོགས་སུ་རོང་བ་ཤོག་ཆེན་ལྔ་ལ་རྫོང་ཁག་གཅིག་བཅས་ཡིན་ཞིང་འདི་རྣམས་ལ་བསྡོམས་པའི་དུད་ཁྱིམ་ཐེམ་གྲངས་ཁྲི་ཕྲག་བརྒལ་བར་ཡོད་སྐད།།