གྲྭ་བ།

རྩོམ་པ་པོ།   གངས་བུ།   ཡིག་བསྒྱུར།       དུས་ཚོད།   2018-06-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

གྲྭ་བ།

རྩོམ་པ་པོ།  གངས་བུ(དཀར་མཛེས།)


གཅིག

    དེ་རིང་ཉི་འོད་སྤྲིན་ལས་མ་གྲོལ་བའི་སྔོན་དུ།  བཀྲ་ཤིས་དགོན་པའི་བཤད་གྲྭའི་མཆོད་དཔོན་གྱིས་ཕྱོགས་ཀུན་ཁྱབ་པའི་དུང་སྐད་སྙན་མོ་ཞིག་བསྒྲོགས་བྱུང་། དེར་བརྟེན་ཉེ་འཁོར་གྱི་དགེ་འདུན་པ་རྣམས་མལ་ལས་ལངས་ཏེ་ཐོར་ཐུན་བསྡོམས་སོང་།

    ཅུང་ཙམ་ཞིག་འགོར་རྗེས་སུ། ཕྱི་དད་ལྡན་དང་བ་འདྲེན་པའི་མིག་རྒྱན། ནང་འབྱོར་ལྡན་བསོད་ནམས་གསོག་པའི་ཞིང་ས།  ཞེས་གསུངས་པ་ལྟར་ལོས་ཡིན་སྙམ་པའི་བླ་ཆེན་ཞིག་གིས་གྲྭ་ཤག་དག་རེ་རེ་བཞིན་གཟིགས་ནས་བྱོན་བྱུང་།

    ཆོས་འཕེལ་གྱི་སྒོ་ལ་ཐོན་ཚེ། ཁོ་རང་མལ་ལས་ལངས་མེད་པ་ཤེས་ཏེ།  “ཨ་རོ།  ཨ་རོ།”ཞེས་ཟེར་བཞིན་སྒོ་དང་སྒེའུ་ཁུང་ཐག་ཐག་བརྡུངས།

    ཆོས་འཕེལ་དངངས་སྐྲག་ཅིག་སྐྱེས་ཤིང་གློ་བུར་དུ་མལ་ལས་ལངས་ཏེ་སྒོ་ཕྱེས། ཁོས་རང་གི་སྒོ་ཁ་ལ་ནག་རོག་གེར་ལངས་ཡོད་པ་དེ་ནི་བཤད་གྲྭའི་དགེ་བསྐོས་ཆེན་མོ་ཡིན་པ་ཤེས་པས།  ལྷག་ཏུ་སེམས་ལ་འཇིགས་སྣང་ཞིག་སྐྱེས་ཏེ་ཅི་བྱ་གཏོལ་མེད་དུ་གྱུར།

    དགེ་བསྐོས་ཀྱིས།  “ཡ། ཨ་རོ་ཆོས་འཕེལ།  ཁྱོད་རང་འདིར་གཉིད་བཞག་པ་ཡིན་ནམ། གྲྭ་ཆུང་གཞན་དག་གིས་སློབ་སྦྱོང་གནང་བཞིན་ཡོད་པར་ཉོན་དང་”ཟེར།

    སྐབས་དེར།   ཏག་ཏག་རང་གི་ཉེ་འཁོར་གྱི་གྲྭ་ཆུང་ཚོས་ཆོས་ཀྱི་སྒྲ་དབྱངས་དི་རི་རི་སྒྲོག་བཞིན་འདུག ཆོས་འཕེལ་གྱིས་མགོ་ལ་བྱིལ་བྱིལ་འགའ་བྱས་ཏེ་རང་དབང་མེད་པར།  “ལགས་སོ།  ལགས་སོ།”ཞེས་ཁ་ནས་ཤོར།

    དགེ་བསྐོས་ཆེན་མོ་ཅུང་ཁྲོས་པའི་ངང་ནས་ཁོ་ལ། “ཕ་སེམས་བུ་ཐོག།བུ་སེམས་རྡོ་ཐོག། ཟེར་བ་དེ་ཅི་མ་བདེན། ད་རེམ་མ་ཐོར་ཐུན་སྡོམས་”ཞེས་སྨོས་ནས་སྒོ་ཁྲོག་སེ་བརྒྱབ་སྟེ་བུད་སོང་།

    ཆོས་འཕེལ་ཅུང་དོག་མི་བདེ་བའི་ངང་ནས་ལུས་ལ་གྲྭ་ལྭ་དག་གྱོན་ཞིང་གདན་ཆུང་གྲུ་བཞི་ཞིག་གི་ཐོག་ལ་་བསྡད། སྐྱབས་འཇུག་ཞུ་ས་བླ་མ།། སྐྱིད་སྡུག་ཞུ་ས་ཕ་མ།།ཞེས་པ་ལྟར་བླ་མ་ལ་སྐྱབས་སུ་མཆིའོ།། སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་སྒྲ་གདང་གསལ་ལ་མི་གསལ་བའི་ངང་ལན་འགའ་བཏོན་ནས་ཐོར་ཐུན་སྡོམ་འགོ་བརྩམས། ཡིན་ཡང་།  སེམས་ཀྱི་རྟ་ཕོ་ལ་བརྩོན་འགྲུས་ལྕག་གིས་སྐུལ་མ་ཐུབ་པས།ལུས་གྲྭ་ཤག་ཏུ་གནས་ཀྱང་སེམས་སློབ་གྲྭའི་ནང་དུ་བུད་སོང་།

    ཆོས་འཕེལ་ནི་རྫོང་རིམ་པའི་སློབ་འབྲིང་མཐར་ཕྱིན་རྗེས་སློབ་གྲོགས་ཚོ་དང་ལྷན་དུ་ཞིང་ཆེན་རིམ་པའི་སློབ་ཆེན་འགྲིམ་འདོད་ཆེ་ཡང་།  གཉེན་ཉེའི་རེ་བ་དང་ཕ་མའི་བཀའ་ཟློག་མ་ནུས་པའི་དབང་གིས་རབ་ཏུ་བྱུང་བ་ཞིག་ཡིན། ཁོ་རང་རབ་བྱུང་བསྒྲུབས་ནས་ཡུན་རིང་ལོན་མེད་པས།  རང་གི་སློབ་གླིང་དང་སློབ་གྲོགས་ཚོ་གཏན་ནས་བརྗེད་ཐུབ་ཀིན་མི་འདུག

    ཆོས་འཕེལ་ནི་་་ཁོའི་ཆོས་མིང་ཡིན། མིང་ངོ་མ་ལ་ཟླ་བ་ཟེར། སློབ་གྲྭའི་ནང་དུ་ཡོད་སྐབས་སློབ་མ་ཚོས་ཁོ་ལ་ནམ་རྒྱུན་སློབ་གྲོགས་ཟླ་བ་ཞེས་འབོད་སྲོལ་ཡོད། ཁོ་རང་སློབ་གྲྭའི་ནང་ནས་སློབ་མ་ཀུན་གྱིས་མིག་དཔེ་བལྟ་འོས་པའི་ཤེས་འཇོན་གཉིས་ལྡན་གྱི་སློབ་མ་དགའ་ཞིག་གྱུར་ཡོད། རྒྱུགས་འབྲས་ཀྱང་ནམ་ཡིན་ཡང་་ཨང་དང་པོ་དང་གཉིས་པ་ལོན་བཞིན་ཡོད་པས།དགེ་རྒན་དང་སློབ་གྲོགས་རྣམ་པས་རེ་བ་དང་བསྟོད་བསྔགས་ཚད་མེད་བྱེད་ས་ཞིག་ཡིན།

    བཙན་ཚོད་མེད་ཀྱིས་རྡོ་ཐོག་ཕུར་པ་བརྡུང་།། ཕྱུགས་ཚོད་མེད་ཀྱིས་བྱུ་རིའི་པ་ཏྲ་འཐེན།། ཞེས་པ་ལྟར་ཁོ་རང་མི་འདོད་བཞིན་དུ་ཕ་མས་བཙན་གྱིས་རབ་བྱུང་སྒྲུབ་བཅུག་ཡོད་པས།སྔར་མ་ལས་འགྱུར་ཏེ་ད་ནི་བདག་ཉིད་བརྙས་པའི་ལེ་ལོའི་རྙི་ནང་དུ་ཚུད་འདུག

 གཉིས།

    ཟླ་བ་ལོ་བཅུ་པ་ལ་སོན་པའི་ཉིན་ཞིག་ལ། ཁོ་ཚོའི་ཡུལ་དུ་གྲོང་རྡལ་ནས་མངགས་ཡོང་བའི་ལས་བྱེད་པ་སྐོར་ཞིག་འབྱོར།  དེ་ཚོས་ཟླ་བ་དང་ན་མཉམ་གྱི་སྡེ་བའི་བྱིས་པ་ཀུན་སློབ་གྲྭ་ལ་བསྐྱལ་དགོས་ཚུལ་དང་མ་བཏང་ན་ཆད་པ་ནན་མོ་གཅོད་རྒྱུ་ཡིན་པ་སོགས་གོང་རིམ་གྱི་བཀའ་ཡིན་པ་གསལ་བོ་བསྒྲགས་བྱུང་།

    དེ་བས། སྤྱིར་ཡིན་ན་ཟླ་བའི་ཕ་མ་གཉིས་ཀྱིས་ཟླ་བ་གཏན་ནས་སློབ་གྲྭར་གཏོང་འདོད་མེད་ཀྱང་གོང་རིམ་གྱི་བཀའ་ཟློག་མ་ནུས་པའི་དབང་གིས་སྡེ་པའི་བྱིས་པ་ཚོ་དང་མཉམ་དུ་སློབ་གྲྭར་མངགས་དགོས་བྱུང་།

    ཟླ་བ་ལ་མཚོན་ན།  དེ་ནི་འདོད་ཐོག་རྟ་བརྒྱུགས་པ་ཞིག་ཡིན་པས་དགའ་སྤྲོ་ཚད་མེད་ཅིག་སྐྱེས་ཏེ་སློབ་ཆུང་འགྲིམ་འགོ་བརྩམས། དེ་ནས་རིམ་བཞིན་ཤེས་རབ་ཀྱི་རྟ་ཕོ་ལ།བརྩོན་འགྲུས་ཀྱི་ལྕག་གིས་བསྐུལ་ཏེ་ཡུན་རིང་མ་ལོན་པར་སློབ་འབྲིང་འདོན་ཐུབ་སོང་།

    ཟླ་བས་སློབ་འབྲིང་བཏོན་ནས་ཡུན་རིང་མ་ལོན་པའི་ཉིན་ཞིག་ལ། ཁོ་རང་ནམ་རྒྱུན་དང་འདྲ་བར་སློབ་རའི་ལྕང་སྡོང་འོག་ཏུ་དཔེ་ཀློག་བྱེད་བཞིན་བསྡད་ཡོད། སྐབས་དེར་རང་གི་སྟག་རྒྱབ་ནས་བུད་མེད་ཅིག་གིས་སློབ་གྲོགས་ཟླ་བ་ཞེས་འབོད་བཞིན་ཡོད་པ་ཐོས། ཁོས་ཕྱིར་མིག་ཅིག་བལྟས་པ་ན་དེ་ནི་གཞན་མ་ཡིན་པར་སློབ་གྲོགས་དབྱངས་ཅན་སྐྱིད་རེད། གཞོན་ནུ་མ་དབྱངས་ཅན་སྐྱིད་ནི་ཕོ་བརྒྱ་སེམས་པ་འཆོར་ཞིང་། མོ་བརྒྱ་སྙིང་རླུང་ལངས་བྱེད་ཀྱི་མཛེས་པའི་ལང་ཚོ་ལྡན་ལ་འཇམ་པའི་གཤིས་ཀ་དང་མངའ་བ་མ་ཟད།  སློབ་གཙོའི་བུ་མོ་ཡང་ཡིན་པས། སློབ་གླིང་འདི་གའི་དགེ་སློབ་ཡོངས་ཀྱི་གླེང་གཞི་གཙོ་བོ་ཞིག་ཏུ་གྱུར་ཡོད།

    མོས་ཡང་ཟོལ་དང་ལྡན་པའི་ངང་ནས།  “ཨ་རོ།  ཟླ་བ་ཁྱོད་ཀྱིས་ནམ་རྒྱུན་དཔེ་ཀློག་བྱེད་བཞིན་ཡོད་པ་ལ་བལྟས་ན་མ་འོངས་པར་སྐྱེས་ཆེན་དམ་པ་ཞིག་འགྱུར་ཁོ་ཐག་རེད། ཡིན་ཡང་དཔེ་ཆ་བཀླག་རྒྱུ་ཧ་ཅང་མང་གྲགས་ན་ལུས་ཕུང་ལ་ནད་བཟོ་བའི་ཉེན་ཁ་ཡོད། དེ་བས།   སྐབས་ལན་རེ་རྣམ་གཡེང་རེ་བྱས་ན་བློ་རིག་གསལ་བའི་ཕན་ཐོགས་ཆེན་པོ་ཡོད་ངེས། འདིར་ཤོག་དང་། སློབ་གྲྭའི་གླིང་སྐོར་ལ་ཐེངས་གཅིག་འགྲོ་”ཞེས་སྨྲས།

    ཟླ་བས། “ཧ་ཧ།   གྲོགས་མོ་ལགས།   དཔེ་དེབ་དང་མཉམ་དུ་རོལ་བའི་སྐར་ཆ་རེ་རེ་ནི་ང་ཚོའི་མི་ཚེ་ལ་གནང་བའི་ཆེས་བླ་ན་མཐོ་བའི་ལེགས་སྐྱེས་ཡིན་ཞེས་དམ་པ་གོང་མ་རྣམས་ཀྱིས་གསུངས་ཡོད། ངས་ཀྱང་དེ་ལྟར་འདོད་བཞིན་ཡོད་”ཅེས་ཀུ་རེའི་ཚུལ་དུ་སྨྲས།

    དབྱངས་ཅན་སྐྱིད་ཁོང་དགོད་ཅིག་བྱས་སོང་ལ། ཁོང་དགོད་དེ་དང་མཐུད་ནས། “ཟླ་བ་ཁྱོད་ལ་དཔེ་དེབ་ཁོ་ན་ལས་གཞན་གང་ཡང་མི་དགོས་སམ་”ཞེས་ཉམས་དང་ལྡན་པའི་ངང་ནས་བཤད།

    ཟླ་བས་མིག་ཟུང་གཡོ་བ་མེད་པར་མོའི་གདོང་ལ་ཅེར་ནས། “ཨ་ལ་ཀུ་རེ་ཡིན།  ཁོ་བོ་ལ་ད་དུང་མ་འོངས་པར་བདེ་སྐྱིད་ལྡན་པའི་ཁྱིམ་གཞི་ཞིག་དགོས་ལ་སྙིང་རྗེ་བའི་བུ་བུ་མོ་ཡང་དགོས་”ཅེས་སྨྲས།

    དབྱངས་ཅན་སྐྱིད་ཀྱིས་མིག་གིས་ཕུར་ཚུགས་སུ་ལྟ་ཞོར།  “ཨ་ལ། ཁྱོད་ཀུ་རེ་རྩེས་ན་ངར་ནོ་དེ་རིང་མ་གཏོགས་ཤེས་མ་སོང་”ཟེར་ནས་ཧ་ཅང་ཡིད་ཚིམ་པའི་ཉམས་ཤིག་བསྟན་པ་དང་། དེ་ནས་མུ་མཐུད་དུ། “ད་འུ་གཉིས་ཁ་བརྡའི་ནང་ལ་མགོ་འཁོར་བཞིན་འདུག  ཤོག་དང་འགྲོ”དབྱངས་ཅན་སྐྱིད་ཀྱིས་ཤུགས་རིང་ཞིག་ཕྱུང་རྗེས་དེ་སྐད་སྨྲས།

    ཁོང་གཉིས་ཀྱི་དཔུང་བ་གཅིག་གིས་གཅིག་ལ་འཁྱུད་དེ་འཆམ་འཆམ་དུ་བུད་སོང་།

    ཉིན་དེ་ནས་བཟུང་།  རིམ་བཞིན་ཁོང་གཉིས་བར་ཐག་ཇེ་ཉེ་ནས་ཇེ་ཉེ་དང་ཁ་མཐུན་སེམས་མཐུན་ཞིག་ཏུ་གྱུར། ཞེ་མཐུན་སེམས་ལ་ཡོད་ན་གླེང་གྲངས་མང་།། མཛའ་མོ་ཐད་ལ་ཡོད་ན་ལྟ་གྲངས་མང་།། ཞེས་པ་ལྟར་ཁོང་གཉིས་ནམ་རྒྱུན་ཕན་ཚུན་ལ་ལབ་གླེང་ཇེ་མང་སོང་ཡོད་པ་དང་སྔར་ལས་ལྷག་པའི་སེམས་ཁུར་ཡང་ཇེ་ཆེར་བྱེད་བཞིན་ཡོད་པ་རེད།

    ཆོས་འཕེལ་གྱིས་རང་གི་འདས་སོང་གི་གནས་ཚུལ་ལ་ཕྱིར་དྲན་བྱས་ནས་མཚམས་དེར་བསླེབས་སྐབས། དགོན་པའི་མཆོད་དཔོན་གྱིས་ཏིང་ཏིང་ཞེས་ཐུན་རྔ་རྡུང་བྱུང་།

    དེ་ནས།   ཁོ་ཚོ་ཐོར་ཐུན་གྲོལ་ཏེ་ཞོགས་ཇ་སྐོལ་བར་བྲེལ་བཞིན་འདུག

    གསུམ།

    བརྩེ་དུང་སྤང་དཀའ།། དམ་ཆོས་བསྒྲུབ་དཀའ།། ཞེས་པ་ལྟར་ཆོས་འཕེལ་གྱིས་ཞོགས་ཇ་འཐུང་ཞོར་ཁ་པར་ལག་ཏུ་བླངས་ཏེ་རང་གི་སེམས་ནས་ནམ་ཡང་བརྗེད་ཐུབ་ཀིན་མེད་པའི་སློབ་གྲོགས་དབྱངས་ཅན་སྐྱིད་ལ་འཕྲིན་ཡིག་ཅིག་འབྲི་འགོ་རྩོམ།

    ངའི་སྙིང་ཉེ་བའི་གྲོགས་མོ་དབྱངས་ཅན་སྐྱིད་ཀྱི་སྐུ་དྲུང་དུ། ཕྲན་ཟླ་བས་གུས་གསོལ།

    སྐུ་ཉིད་ཉེ་ལམ་བདེ་མོ་ཡིན་ནམ།

    ཁོ་བོ་ཁྱེད་དང་ཁ་བྲལ་ནས་ཟླ་བ་གཉིས་ལྷག་ཙམ་སོང་ཟིན།  ངས་རྒྱུན་དུ་ཁྱེད་རང་དྲན་པ་དང་སྙིང་གཏམ་མང་པོ་ཞིག་ཁྱེད་ལ་གླེང་བར་འདོད།  དེ་རིང་ཡང་ངས་འུ་གཉིས་ཆེས་ཐོག་མར་སློབ་གྲྭའི་གླིང་སྐོར་ལ་འཆམ་འཆམ་དུ་སོང་བའི་ཉིན་མོ་དེ་ཡིད་ལ་དྲན་བྱུང་། དྲང་པོ་བཤད་ན།  ཉིན་མོ་དེ་ནས་བཟུང་རྒྱུ་མཚན་ཅི་ཡང་མེད་པའི་ཐོག་ནས་ང་ཁྱོད་ལ་དགའ་སོང་།  ཁྱོད་ཀྱང་ང་ལ་དགའ་ཡོད་ཚོད་རེད།  དེ་བས།  ངས་ནམ་ཡིན་ཡང་འུ་གཉིས་ཀྱི་བྱང་ཁོག་གི་ཞིང་ས་རུ་བརྩེ་དུང་གི་ས་བོན་འཁྲུངས་པའི་རེ་སྨོན་བྱས་ཡོད།  ཡིན་ཡང་། ད་སྐབས་འདི་ཡོད་ཚད་ང་ལ་མཚོན་ན་རྨི་ལམ་ཞིག་ཡིན་པའི་ཚོར་སྣང་སྟེར།  ང་རང་གཏན་ནས་སློབ་གྲྭའི་ནང་ནས་འབུད་འདོད་མེད་ལ་ལྷག་ཏུ་རབ་བྱུང་བསྒྲུབ་འདོད་མེད།  འོན་ཀྱང་།  ཨ་ཕ་དང་ཤང་གི་སྨན་པ་གཉིས་ཀྱིས་ལྐོག་ནས་ངན་འབྲེལ་བྱས་ཏེ་ནད་ཕྲན་བུ་ཙམ་ཞིག་ལ་ཁ་གཡར་ནས་ང་རང་སློབ་གྲྭ་ནས་ཕྱིར་འཐེན་སོང་།

    གྲོགས་མོ་ལགས། ད་སྐབས་ངའི་འཚོ་ནི་སྔར་ལས་ལྡབ་འགྱུར་གྱིས་ཇེ་ཡག་ཏུ་སོང་ཡོད་པ་དང་། ཨ་ཕ་ཨ་མས་ཀྱང་ང་ལ་ཅི་ཞིག་དགོས་ན་དེ་ཕལ་ཆེར་སྟེར་བཞིན་ཡོད་པ་འདྲ་ཡང་།  ནང་སེམས་ཀྱི་ཚོར་བ་ནི་མུ་མཐའ་མེད་པའི་བཙོན་ཁང་ཞིག་གི་ནང་དུ་གནས་ཡོད་པའི་ཚོར་སྣང་མི་ལེགས་པ་ཞིག་ངང་གིས་སྐྱེ་བཞིན་འདུག རྒྱུ་མཚན་ནི་ང་རང་ཡང་ཁྱོད་ཚོ་དང་འདྲ་བར་མུ་མཐུད་ནས་སློབ་ཆེན་འགྲིམ་འདོད་ཆེ་བ་དང་།  སློབ་མཐར་ལེགས་པར་ཕྱིན་རྗེས་བདེ་སྐྱིད་ལྡན་པའི་ཁྱིམ་གཞི་ཞིག་སྐྲུན་པར་འདོད་ཡོད་པས་ཡིན། ཁོ་བོ་རབ་ཏུ་བྱུང་བ་ནས་བཟུང་། འདི་དག་ཡོད་ཚད་སྤང་བྱ་ལ་ངོས་འཛིན་དགོས་པ་ཤེས་མོད་ཀྱང་། དེང་སྐབས་དེ་ལྟ་བའི་རབ་བྱུང་ནི་ཉིན་མོའི་སྐར་མ་ལས་དཀོན་འདུག ཁྱེད་ཀྱིས་ང་ལ་འཆལ་གཏམ་མ་བཤད་ཅེས་ལེ་བདའ་མི་བྱེད་པར་ཞུ། གང་ལྟར་ཁྱོད་ཀྱིས་གནས་ཚུལ་འདི་དག་ཡོད་ཚད་ཕལ་ཆེར་ཤེས་ཡོད་མོད། ང་རང་སློབ་གྲྭ་ནས་ཕྱིར་བུད་པའི་ཉིན་མ་དེར་ཁྱོད་དང་ངོ་མ་ཐུག་པ་དང་གསལ་བཤད་ཅི་ཡང་བྱེད་མ་ཐུབ་པས། དེ་རིང་ཆེད་དུ་འཕྲིན་ཡིག་འདི་ཁྱེད་ལ་བྲིས་པ་ཡིན།

    མཐར་ཁྱེད་ཀྱི་སྐུ་ལུས་བདེ་ཞིང་སློབ་སྦྱོང་ཡར་ཐོན་ཡོང་བ་དང་སེམས་ཀྱི་སྒྲོམ་བུར་ཉར་བའི་ཕུགས་འདུན་ཇི་བཞིན་དུ་འགྲུབ་པར་སྨོན།ཞེས་ཆོས་འཕེལ་གྱིས་དེ་ལྟར་རང་གིས་སེམས་སུ་ཉར་བའི་སྐད་ཆ་དག་རེ་རེ་བཞིན་ཁ་པར་གྱི་འཆར་ངོས་སུ་ཕབ་སྟེ་དབྱངས་ཅན་སྐྱིད་ལ་བསྐུར།

    དེ་ནས།  ཁོ་རང་ཅུང་ཡིད་སེམས་བདེ་བའི་ངང་ནས་སྒོ་ལ་བུད།  ཆོས་གྲོགས་ཤིག་གིས།  “ཨ་རོ། ཆོས་འཕེལ་གཟིམས་ས་ཨེ་བདེ་”ཞེས་དྲིས་བྱུང་།

    ཆོས་འཕེལ་གྱིས།  “བདེ།  བདེ།  ཧ་ཅང་བདེ།   ཁྱེད་ཉིད་བདེ་འམ”ཞེས་དྲིས་པ་ལ། ཆོས་གྲོགས་དེས་“བདེ།  བདེ།  ད་ནངས་ཡང་ཁྱེད་རང་དགེ་བསྐོས་ཀྱིས་གཤེ་གཤེ་བཏང་བྱུང་ངམ་”ཞེས་ཅུང་འཛུམ་པའི་ངང་ནས་སྨྲས།

    “འོ་ལེ།  མདང་ནུབ་ཁ་པར་ལ་བལྟས་ནས་ཉལ་འཕྱི་སོང་།  དེའི་རྐྱེན་གྱིས་ད་ནངས་ཡར་ལངས་ཕྱིར་འདུག”ཞེས་འཛུམ་པའི་ཉམས་ཤིག་བསྟན་ནས་དེ་སྐད་སྨྲས།

    “ཧ་ཧ།   ཡ་ཡ།”་

    ཁོང་གཉིས་སྒོ་ཆེན་གྱི་ཕྱི་ལ་ཕེབས་སོང་།

བཞི།

    དེ་རིང་རླུང་དང་བསེར་བུ་ཅུང་ཟད་ཙམ་ཡང་མེད་ཅིང་། བར་སྣང་ནས་བུང་བ་སྐོར་ཞིག་ཝང་ཝང་་ཞེས་ཧ་ཅང་ཐང་ཆད་པ་ལྟར་ཕར་འཕུར་་ཚུར་འཕུར་བྱེད་པ་དང་།  ཉི་འོད་ཀྱི་ཚ་ཟེར་འདུ་ཁང་གི་རྒྱ་ཕིབསསུ་ཕོག་པས་སུ་ཞིག་གིས་བལྟས་ཀྱང་བལྟ་བཟོད་མེད་པ་ཞིག་ཏུ་གྱུར་འདུག ས་གཞི་ཆེན་མོ་ཡང་མེ་ལ་བསྐྱོན་པའི་ལྕགས་ཟངས་ཀྱི་ཞབས་དང་འདྲ་བར་ངར་ལམ་ལམ་བྱེད།

    ཆོས་འཕེལ་ཡང་ཧ་ཅང་འདུག་བཟོད་མེད་པ་ལྟར་གུང་ཇ་ལེགས་པ་བཏུང་རྗེས་སུན་སྣང་དང་བཅས་པའི་སྒོ་ནས་སློབ་ཁྲིད་ལ་བུད་སོང་།   ཆོས་འཕེལ་ལ་མཚོན་ན།  སློབ་ཐུན་འདི་ཉལ་བའི་དུས་ཚོད་ཡིན་ཟེར་ན་མི་ཆོག་རྒྱུ་མེད། དེ་རིང་ཡང་ཆོས་འཕེལ་གྱིས་དཔེ་དེབ་ཁ་ཙམ་ཡང་མ་ཕྱེས་པར་གཉིད་ཡུར་བ་ན། ཡ་ང་བའི་རྨི་ལམ་ཞིག་བཏང་བྱུང་།

    ཁོ་རང་བཤད་གྲྭ་ནས་མཐར་ཕྱིན་ཏེ་ཞོགས་ཉི་མ་ཤར་བ་ནས་དགོང་ས་སྲོད་ཀྱི་བར་དུ་གྲོང་ཆོག་ཏུ་འདུར་རྒྱུག་བྱེད་པ་དང་།  ཁ་པར་རྩེད་པ་སོགས་ཀྱིས་ཉི་མ་ཆོད་ཐབས་བྱེད་བཞིན་ཡོད། བུ་མོ་དབྱངས་ཅན་སྐྱིད་ནི་གཞན་ལ་གནས་སོང་ནས་བུ་བུ་མོ་སྐྱེས་ཡོད་པ་མ་ཟད།  བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་རོལ་བཞིན་ཡོད། ཁོ་རང་ནི་མི་ཚེ་སྟོང་ཟད།།  འཁོར་བ་སྟོང་འཁྱམས།། ཞེས་པ་ལྟར་དམིགས་ཡུལ་ཅི་ཡང་མེད་པའི་ངང་ནས་དངོས་གནས་ཤིན་ཏུ་ལྕི་བའི་ཁུར་བོ་ཞིག་གིས་མནན་པ་དང་འདྲ་བ་ཉིན་རྟག་པར་གྲོང་ཆོག་ལ་ཕེབས་བཞིན་ཡོད།

    དེ་ཡང་སྡེ་བའི་ནང་དུ་བཤད་ཚུལ་མི་ལེགས་པ་ཞིག་བྱུང་ཡོད་དེ། སྔོན་ཆད་ཀྱི་བླ་གྲྭ་དག་གྲོང་ཆོག་ལ་ཕེབས་པ་ན་ཁྱིམ་ཚང་དབུལ་ཕྱུག་ཅི་འདྲ་ཞིག་ཡིན་ཡང་འདས་པོའི་ཁྱིམ་བདག་གི་ངོ་སྲུང་ནས་གླུ་ལེན་བྲོ་རྡུང་རྩེད་མོ་ཧབ་དགོད་སོགས་གང་ཡང་མི་བྱེད་པ་མ་ཟད། ཁྱིམ་མི་ལ་སེམས་གསོ་བྱེད་པ་དང་ཆོ་ག་ཆད་ལུས་མེད་པ་འདོན་པ། ནུབ་མོར་དཀྱིལ་འཁོར་སྟོང་པ་མི་འཇོག་པ་སོགས་ཕྱག་ལེན་ཡག་པོ་གནོང་བཞིན་ཡོད། དེ་ལྟ་བུའི་བླ་གྲྭས་ཚེ་འདས་ཀྱི་རྣམ་ཤེས་འདྲེན་ནུས་ལ་དད་པ་དང་ལྡན་པའི་ཡོན་བདག་གིས་ཀྱང་མཆོད་ཡོན་དབུལ་ས་ནོར་མེད་པ་གོར་མ་ཆགས། དེང་དུས་ཀྱི་བླ་གྲྭ་དག་ནི་དེ་ལས་ཟློག་སྟེ། མི་ཤི་སྦྱིན་བདག་གི་ཞལ་མི་སྲུང་བར་གླུ་ལེན་བྲོ་རྡུང་རྩེད་མོ་ཧབ་དགོད་བྱས་པས།  བདག་པོ་ལ་སུན་སྣང་དང་དད་ལོག་སྐྱེས་བཞིན་ཡོད། མ་ཟད་ཆོ་ག་འདོན་དུས་སུ་གཉིད་རྒྱུ་དང་ཁ་པར་རྩེད་པ་ཁོ་ནས་ཉི་མ་ཟད་ཐབས་བྱེད་བཞིན་འདུག་ཟེར་ན་མི་ཆོག་རྒྱུ་མེད་པ་འདྲ། ཚོགས་པ་གྲོལ་ཚེ་ཡང་བླ་གྲྭ་གཅིག་ཀྱང་མི་འདུག་པར་དཀྱིལ་འཁོར་སྟོང་པར་བསྐྱུར་བ་དང་།  ཡོན་བདག་གི་འབུལ་བ་མང་ཉུང་དང་ངོ་ཆེ་ཆུང་སོགས་ལ་གདམས་གསེས་བྱེད་བཞིན་ཡོད་པ་རེད། ཁོང་རྣམ་པའི་གསང་བའི་མཛད་པ་རེ་དང་མངོན་གྱི་སྤྱོད་པ་དག་མང་ཚོགས་ཚོས་མཐོང་ཐོས་སུ་གྱུར་པས། ད་ནི་དངོས་གནས་སྙིང་པོ་ཅི་ཡང་མི་འདུག་ཅེས་ཡུལ་སྡེ་ཀུན་ལ་རླུང་ལྟར་གྲགས་སོང་།

    དེ་ནས་རིམ་བཞིན་ཆོས་འཕེལ་གྱི་དབུ་སྐྲ་དང་སྨྲ་ར་དུང་ལྟར་དཀར་བ་དང་མཛེས་སྡུག་ལྡན་པའི་བཅུ་དྲུག་གཞོན་ནུའི་ལང་ཚོ་ཡང་སད་ཀྱིས་བཅོམ་པའི་མེ་ཏོག་ཅིག་དང་འདྲ་བ་ལོ་འདབ་དག་ས་རུ་འཐོར་སོང་། ཁོས་གཡོན་ལག་ལ་ཕྲེང་བ་ཞིག་བཟུང་པ་དང་གཡས་ལག་གིས་འཁོར་ལོ་ཞིག་སྐོར་ཞོར་འདས་སོང་གི་བྱ་བཞག་ལ་ཞིབ་འདང་ཞིག་རྒྱག་པ་ན། རང་ཉིད་ཀྱིས་ཆོས་འཇིག་རྟེན་གང་ཡང་འགྲུབ་མེད་པ་མ་ཟད།  དཀོར་ནག་པོ་ལྕགས་ཀྱི་སྤུ་གྲི་དེ།། ཟོས་དྲག་ན་ཐར་བའི་སྲོག་རྩ་གཅོད།། ཅེས་པ་ལྟར་ད་ནི་དམྱལ་ཁམས་ལས་གཞན་འགྲོ་ས་ཡོད་རྒྱུ་མ་རེད་སྙམ་ནས་ཞེད་སྣང་དང་འཇིགས་སྐྲག་ཆེན་པོ་སྐྱེ་བཞིན་བསྡད་ཡོད།

སྐབས་དེར།  ཆོས་གྲོགས་ཤིག་གིས།  “ཨ་རོ།  ཨ་རོ།  ཆོས་འཕེལ་”ཞེས་གཉིད་ལས་དཀྲོགས། ཆོས་འཕེལ་གྱིས་ཡུན་རིང་སྨད་ནས་བསྡད་པའི་མགོ་བོ་ཡར་བཀྱགས་འོངས་ལ། ལག་གཡས་པས་མུར་གོང་ཐད་ཀྱི་རྔུལ་ཆུ་འབྱིད་ཙམ་བྱས་འཕྲལ།  དེ་དག་ཡོད་ཚད་རྨི་ལམ་ཡིན་པ་གཞི་ནས་ཤེས།

ཆོས་གྲོགས་དེས།  “ཨ་རོ་ཆོས་འཕེལ།  སློབ་ཁྲིད་གྲོལ་ལ་ཉེ་སོང་། དགེ་རྒན་གྱིས་གཤེ་གཤེ་གཏོང་བཞིན་འདུག་”ཟེར། ཁོས་ཅུང་དོགས་མི་བདེ་བའི་ངང་ནས་ཁ་གནམ་ལ་གདངས་ཤིང་་ལུས་པོ་ཤད་ཤད་ཅིག་བྱས་ཏེ་ཉན།

    དགེ་རྒན་གྱིས།  “གྲྭ་ཆུང་རྣམ་པ།  ཁྱེད་ཚོས་ངེས་པར་དུ་སུན་སྣང་ཅི་ཡང་མེད་པའི་ཐོག་ནས་སློབ་སྦྱོང་བྱེད་དགོས། སྤྱིར་ཁྱེད་ཚོ་ནི་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་སྐྱེས་བུ་ཉན་དགོས་ཤིང་། ལྷག་པར་དུ།  མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་རང་ལུགས་དྲི་མ་མེད་པའི་རྒྱུན་འཛིན་པ་དང་།  ཡང་སྒོས་སུ་ཡུལ་འདིའི་བསྟན་དགོན་གྱི་ཞབས་ཕྱིར་གད་མེད་དུ་འབྱོར་དགོས་པ།  ཁྱེད་ཚོའི་མ་བསྐོས་ཕྲག་ཏུ་བབས་པའི་འགན་ཁུར་རེད།  དེ་ལས་ཟློག་སྟེ་ཉིན་ཏག་པར་ཟ་རྒྱུ་དང་གཉིད་རྒྱུ་ཁ་པར་རྩེད་རྒྱུ་ལས་གཞན་མེད་ན།  སྐྲ་སོ་གསུམ་མགོ་ནས་བཅད།།   གོས་སྣེ་གསུམ་ལུས་ལ་གོན་པའི་དོན་གོ་ཡོད་མ་རེད།  མ་མཐའ་ཡང་གཉེན་ཉེ་དང་ཕ་མས་ཁྱེད་ཚོ་ལ་ནམ་ཡིན་ཡང་གོས་ཡག་པོ་དང་ཟས་ཞིམ་པོ་སྟེར་བཞིན་ཡོད་པ་དག་ཆུད་ཟོས་སུ་གཏན་ནས་གཏོང་མི་རུང་། ཁྱེད་ཚོ་དུས་རྟག་ཏུ་དགེ་བསྐོས་དང་དགེ་རྒན་གྱིས་བཙན་པོ་བྱེད་མི་དགོས་པར་རང་རང་སོ་སོས་ངང་གིས་སློབ་སྦྱོང་རེ་གནང་རྒྱུ་ཧ་ཅང་གལ་ཆེ་”ཞེསགསུངས་རྗེས། ཁོང་གིས་ལག་གཡོན་པའི་མཁྲིག་མའི་ཐོག་གི་དུས་ཚོད་ལ་བལྟས་ཚེ། “ཨོ་ཨོ།  དུས་ཚོད་འགོར་འདུག   ད་སློབ་ཁྲིད་གྲོལ་”ཞེས་སྨྲོས་སོ།།

      ལྔ། 

    འདུ་ཁང་གི་ཀླད་ནས་རླུང་གིས་ཁུར་འོང་བ་ལྟ་བུའི་འཁར་རྔའི་སྒྲ་ཞིག་གྲགས་བྱུང་།  དགེ་འདུན་པ་རྣམས་རེ་རེ་བཞིན་ཚོགས་ཆེན་འདུ་ཁང་གི་ཕྱོགས་སུ་ཕེབས་བཞིན་འདུག ཆོས་འཕེལ་ཡང་ཧ་ཅང་ཐང་ཆད་པ་ལྟར་འདུ་ཁང་གི་ནང་དུ་སོང་།  

    བླ་གྲྭ་རྣམ་པ་དྲས་གདན་གྱི་འགྲམ་དུ་ལུ་གུ་རྒྱུད་ལྟར་གྲ་འགྲིག་པོ་ཡར་ལངས་ཡོད།  རེ་ཞིག་དལ་ཅག་གེར་གྱུར་ཅིང་།  མིག་ཟུང་མང་པོ་ཞིག་མདུན་ཕྱོགས་ཀྱི་བླ་མའི་ཐད་ལ་རུབ་སོང་།  ཡུད་ཙམ་འགོར་རྗེས།  ཤ་ཚོར་ཞིང་ངོ་གདོང་ནག་པའི་བླ་མ་དེ་ཁྲི་ལ་བཞུགས་པ་དང་མཉམ་དུ་དགེ་འདུན་པ་རྣམ་པ་ཡང་གདན་ལ་བཞུགས་ཤིང་དབུ་མཛོད་ཀྱིས་འདོན་འགོ་བླངས་བྱུང་།

    ཆོས་འཕེལ་ནི་གྲྭ་བའི་འདོན་ཆས་ལ་སྤྲོ་བ་མེད་པ་དང་དེ་དག་གི་ཐད་ལ་སྒྱིད་ལུག་པ་ཞིག་ཡིན་ཡང་། སྐབས་ལན་རེར། བརྩེ་དུང་བརྗོད་བྱ་བྱས་ཡོད་པའི་སྒྲུང་གཏམ་དང་ལྷུག་རྩོམ་སྙན་ངག   སྙན་ངག་སོགས་ཀློག་བཞིན་ཡོད།  

    དེ་རིང་ཡང་གསོལ་ཀ་མ་བཏོན་པར་ལྐོག་ནས་སྒྲུང་གཏམ་ཞིག་ཀློག་བཞིན་བསྡད།  ད་དུང་ཆོས་གྲོགས་གཞན་སྐོར་ཞིག་གིས་ཀྱང་ལ་ལས་གསོལ་ཀ་ཐ་ཐོར་རེ་བཏོན་པ་དང་།  འགའ་ཞིག་གིས་དཔེ་དེབ་སྣ་ཚོགས་བཀླགས་པ་དང་། ཡང་རེ་གཉིས་ཤིག་གཉིད་ལོག་པ་སོགས་བྱ་བ་དུ་མ་ཞིག་ལྐོག་ནས་བསྒྲུབ་བཞིན་བསྡད་ཡོད།

    དུས་ཚོད་ག་ཙམ་འགོར་ཡོད་པ་མི་ཤེས་མོད། དབུ་མཛོད་ཀྱིས་རོལ་མོ་ལན་འགའ་བསྒྲོགས་ཏེ་བསྙེན་པ་གསོག་བྱུང་། དགེ་བསྐོས་ཆེན་མོས་དྲས་འདབ་ནས་ལག་ཟུང་ཐལ་མོ་སྙིང་ལ་སྦྱར་ཏེ་ཕྱག་ལན་གསུམ་འཚལ་ཞིང་། ངོར་ཁྲོས་ཉམས་ཀྱིས་ཁེངས་པའི་སྒོ་ནས་དགེ་འདུན་རྣམས་ཀྱི་སྙན་ལམ་དུ། “དེ་རིང་ངས་འདི་ནས་སྒྲིག་ལམ་ཅུང་ཟད་ཞུ་རྒྱུ་ཡིན། སློབ་གླིང་འདི་ནི་དགེ་འདུན་པའི་སྡེ་ཞིག་ཡིན་པས་ཉིན་མཚན་བར་མེད་དུ་ལམ་བསླབ་པ་གསུམ་དང་ལུང་སྡེ་སྣོད་གསུམ་ལ་འཆད་ཉན་བྱེད་དགོས།  ཁྱེད་རྣམ་པས་ཀྱང་དེ་ལྟར་མཛད་བཞིན་འདུག་སྙམ།  ཡིན་ཡང་།  ལ་ལ་ཞིག་དེ་དག་ལྟ་ཞོག་གསོལ་ཀ་ཙམ་ཡང་མི་འདོན་པ་མ་ཟད། ཁ་པར་རྩེད་པ་དང་གཉིད་ལོག་པ།  དེ་ལས་ཀྱང་རྩོམ་ཡིག་འདྲ་མིན་དང་དུས་དེབ་འདྲ་མིན་སོགས་ཀློག་བཞིན་འདུག དེ་དག་གིས་མཚམས་ཞོག་དང་དགའ།”ཞེས་ཁ་སྤོ་ཁ་ནས་ལངས། ཞེ་སྤོ་གཏིང་ནས་ལངས་ཏེ།  “སློབ་གླིང་འདིར་གཏན་ནས་དེ་དག་སློབ་སྦྱོང་བྱེད་ས་མིན། ཁྱེད་ཅག་གིས་སྒྲིག་ལམ་ལ་ངེས་པར་དུ་བརྩི་སྲུང་བྱེད་དགོས།  ད་ནས་བཟུང་བྱ་སྤྱོད་དེ་ལྟ་བུ་ཞིག་མཐོང་ཚེ་ཆད་པ་ནན་མོ་གཅོད་རྒྱུ་ཡིན། ངས་འདི་ནས་དེ་དག་སུ་ཡིན་མིང་མི་སྒྲོག སུ་ཡིན་རང་རང་སེམས་ལ་གསལ་ཁོ་ཐག་རེད། གལ་ཏེ།  ད་དུང་མཚམས་མི་འཇོག་མཁན་ཡོད་ན་གནས་ཡུལ་དུ་གཏོང་རྒྱུ་ཡིན་པས་དགོངས་འགལ་མེད་པ་ཞུ།”ཞེས་གསུངས་ཏེ་ཅུང་ལྷོད་ལ་བབས་པའི་ངང་ནས་ཁྲི་ལ་བཞུགས།

    ཆོས་འཕེལ་གྱིས་རང་གི་མགོ་ལ་བྱིལ་བྱིལ་འགའ་བྱས་ནས་རང་དབང་མེད་པ་དཔེ་དེབ་ཁ་བརྒྱབ། སྐབས་དེར། ཚོར་བ་གཞན་ཞིག་གིས་ཁོ་དམ་དུ་འཁྱུད་བྱུང་། ཀླད་པའི་ནང་དུ་གཏན་ཆགས་སུ་གྱུར་ཡོད་པའི་མཛེས་སྡུག་གི་སློབ་གླིང་དེ་སྔར་ལྟར་མིག་ལམ་དུ་མངོན་ཞིང་།  ཡང་བསྐྱར་དགེ་རྒན་དང་སློབ་གྲོགས་དག་སེམས་ལ་རྡོ་བརྐོས་རི་མོ་བཞིན་དམ་དུ་བཟུང་སྟེ་ལྷན་ཅིག་ཏུ་རང་གི་ཕུགས་འདུན་འཚོལ་འདོད། ཇི་ལྟར་བསམ་ཡང་ངལ་བ་འབྲས་མེད་གྱུར། མཇུག་མཐར། ཁོས་ཡིད་ཕངས་པའི་ངང་ནས་མགོ་བོ་འཕྲེད་དུ་གཡུག་གཡུག་བྱེད་ཞོར་ཤུགས་རིང་ཞིག་ཕྱུངས་པ་དང་།  ངོ་ལ་ཅི་བྱ་གཏོལ་བྲལ་གྱི་རྣམ་འགྱུར་ཞིག་ཤར་ནས་བསྡད། ཁོས་མུ་མཐུད་དུ་ཡར་མར་ལ་བསམ་བློ་མང་བོ་བཏང་ནས་དྲས་གདན་ཐོག་ཏུ་ཧད་ནས་བསྡད། དུས་ཚོད་ག་ཙམ་འགོར་ཡོད་པ་མི་ཤེས་མོད། རྔ་དང་རྒྱ་གླིང་སོགས་ཀྱིས་སྒྲ་དབྱངས་ཇེ་དྲག་ཏུ་སོང་ཡོད་པ་དེས་ད་གཟོད་གཞི་ནས་དགའ་སྐྱོ་འདྲེས་མའི་ཕྱིར་དྲན་དེ་ལས་སད་དེ་འཚོགས་གྲོལ་ལ་ཉེ་བ་ཤེས་པས། ཧ་ཅང་ཐང་ཆད་པའི་ངང་ཕར་བལྟས་ཚུར་བལྟས་འགའ་བྱས་ཏེ་རང་གི་མདུན་ན་ཡོད་པའི་ཞལ་འདོན་དེ་ཡར་བྲིས།

དྲུག

     དགུང་གི་ཉི་འོད་ནི་འཇིག་རྟེན་མི་ཡུལ་ལ་ལྟ་བཟོད་མེད་པའི་ལྟད་མོ་བ་ཞིག་དང་འདྲ་བར་རིམ་གྱིས་ནུབ་རི་ལ་བཞུད་པ་དང་།   ཕྱི་རོལ་ནས་ཐལ་བ་དང་ལྷན་དུ་གྲང་རླུང་ཞིག་གཡུག་བྱུང་།

    ཆོས་འཕེལ་འཁྱར་འཁྱོར་གྱི་གོམ་པ་སྤོ་བཞིན་སྒོ་ཆེན་གྱི་ཕྱི་ལ་སོང་། སྡེ་མི་སྐོར་ཞིག་གིས་རླངས་འཁོར་དང་སྦག་སྦག་སོགས་མང་པོ་ཞིག་བསྐོར་ནས་བཤད་གྲྭའི་སྒོར་འཛོམས་བྱུང་། ཆོས་འཕེལ་ཅུང་ཧ་ལས་པའི་ངང་ནས་འཛིན་གྲོགས་ཤིག་ལ།  “ཨ་་རོ།  ཨ་རོ།  འདི་འདྲ་རླངས་འཁོར་མང་པོ་ཞིག་ཅི་བྱེད་ས་འོངས་རེད་”ཅེས་དྲིས་པ་ན། འཛིན་གྲོགས་དེས། “ཨ་རོ།  ཁྱེད་ཀྱིས་ཤེས་མེད་དམ། དེ་རིང་ང་ཚོའི་སྡེ་བའི་ནང་ནས་མི་ཞིག་ཚེ་ལས་འདས་སོང་ཟེར་བས་ང་ཚོ་དེ་ཚང་སར་ཆོས་དགེ་འགྲོ་དགོས་རེད། ཁྱེད་ཉིད་གྲྭ་བ་བྱས་ནས་ཡུན་རིང་ལོན་མེད་པའི་རྐྱེན་གྱིས་མ་ཤེས་པ་རེད་མ་གཏོགས། སྡེ་བ་འདིའི་ནང་ནས་མི་སུ་ཞིག་ཚེ་ལས་འདས་སོང་ན་ང་ཚོས་གྲྭ་བ་ཡོད་ཚད་དེར་ཆོས་དགེ་འགྲོ་བའི་སྲོལ་ཡོད་རེད་”ཅེས་སྨྲས།

    ཆོས་འཕེལ་གྱིས་ཡང་བསྐྱར་“ཆོས་དགེ་ཟེར་ན་ཅི་ཞིག་བྱེད་དགོས་རེད་”ཅེས་དྲིས་པ་ན། ཆོས་གྲོགས་དེ་བགོད་ཞོར། “ཧ་ཧ།  ་ཁྱོད་འདི་ད།  ཆོས་དགེ་ཟེར་ན་ང་ཚོ་འདས་པོའི་མདུན་ལ་སོང་ནས་དམ་ཆོས་ཟབ་མོ་བསྟན་དགོས་རེད་”ཅེས་སྨྲས། ཆོས་འཕེལ་གྱིས་རང་གི་ཁོག་ལ་དོགས་པ་མང་པོ་ཞིག་བཅུག་ཏེ་ཅི་ཡིན་འདི་ཡིན་མེད་པར་ཁོ་ཚོ་དང་ལྷན་དུ་བུད་སོང་།

    ཚེ་འདས་རེ་དང་མར་མེ་རེ།།  ཀ་བ་རེ་དང་ཀ་མགོ་རེ།།  ཞེས་པ་ལྟར་རས་ཡོལ་དཀར་པོས་གཡོགས་པའི་ཕུང་པོའི་མདུན་དུ་སངས་རྒྱས་འོད་དཔག་མེད་ཀྱི་སྐུ་པར་ཞིག་དང་མར་མེ་རྐང་གཅིག་མཆོད་འདུག ཆོས་འཕེལ་དེར་ཐོན་ཚེ།  མགོ་འཇུག་བར་གསུམ་ལ་མིག་གི་འགྲུད་བཞུད་ཐེངས་གཅིག་བྱས་པ་དང་།  དེ་སྣང་གི་བརྙན་རིས་འགས་ཁོའི་སེམས་པ་འཁྱག་སོབ་སོབ་ཏུ་བཏང་བ་དང་། ལ་ལས་འདང་རྒྱག་ནང་དུ་ལྷུང་དུ་བཅུག ཏག་ཏག  དེ་རིང་ཉིན་གུང་རྨིས་པའི་རྨི་ལམ་ནང་བཞིན་འདས་པོ་འདི་ཚང་གིས་གདན་འདྲེན་བྱས་ཡོད་པའི་བླ་གྲྭ་སྐོར་ཞིག་གིས་ཁ་པར་རྩེད་པ་དང་ཧབ་དགོད་བྱེད་པ་གཉིད་ལོག་པ་སོགས་ཀྱིས་ཆོ་ག་ཡག་པོ་འདོན་བཞིན་མེད་པ་སོགས་དངོས་སུ་མཐོང་བས། ཁོ་ལ་རྨི་ལམ་དང་མངོན་སུམ་གཉིས་པོ་གཅིག་ཡིན་པ་ལྟ་བུའི་སྣང་བ་བྱིན་འོང་།

    དེ་དག་རེ་རེ་བཞིན་ཞིབ་འདང་རྒྱག་དུས། ཁོ་རང་དབང་མེད་དུ་གྲང་འདར་ཞིག་བརྒྱབ། སྐབས་དེར།  བཤད་གྲྭའི་དགེ་འདུན་པ་རྣམ་པས་སྒྲ་གདང་གསལ་ལ་དབྱངས་སྙན་པའི་ཐོག་ནས་《འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་》དང་《ཆགས་མེད་བདེ་སྨོན་》སོགས་གསུངས་ཞིང་། ཕར་བལྟས་ན་སངས་རྒྱས་བསྟན་པ་འཛིན་པའི་སྐྱེས་བུ་ཞིག་ཡོད་ན་ཁོང་རྣམ་པ་ལས་གཞན་སུ་ཞིག་ཡོད་སྙམ་པའི་ཉམས་ཤིག་མཐོང་ཐུབ།

    ཆོས་འཕེལ་གྱིས་འདོན་པ་དེ་ཙམ་རྗེས་ཆོད་ཀྱིན་མེད་པས་མིག་གཉིས་ཀྱིས་ཡར་མར་བལྟས་ནས་བསྡད། གློ་བུར་དུ་སྡེ་མི་སྐོར་ཞིག་དང་ལྷན་དུ་བུད་མེད་ཅིག་ནང་ལ་ཐོན་བྱུང་། མོ་རང་དེ་མ་ཉིད་དུ་ཕུང་པོར་འཐམས་ཏེ།  “ངའི་བུ་མོ་ཨ་མའི་མ་ལོ་ལོ་ཁྱོད་ཅི་བྱུང་སོང་”ཟེར་བཞིན་དཀར་ལ་དམར་མདངས་ཆགས་པའི་འགྲམ་པ་ལ་མོའི་ཐོད་པ་གླན་ཏེ་མཚམས་མི་ཆད་པར་སྐད་གསང་ཐོན་པོས་ངུ་བར་བྱེད།

    མགོའི་སྐྲ་ཚ་རུ་ལྟར་དཀར་ཞིང་ངོ་གདོང་གཉེར་མས་གཡོགས་པའི་རྒན་པོ་ཞིག་གིས་མོའི་མགོ་བོར་བྱིལ་བྱིལ་ཞིག་བྱེད་བཞིན། “ད་ཁྱོད་མ་ངུ།  འདི་ཡོད་ཚད་ང་རང་ལན་པ་ཡིན། ངས་མོ་རང་བརླགས་ཟིན། ངས་ཁྱེད་བཟའ་ཟླ་གཉིས་སྡུག་ལ་སྦྱར་སོང་”ཟེར་ནས་རང་གིས་རང་ལ་ལེ་བདའ་ཞིག་བྱེད་ཞོར་ཡར་དགྱེས་པ་ན། མིག་ཆུ་རྡོག་གཅིག་དབང་མེད་དུ་ས་རུ་ཟེགས།

    རྒན་པོ་དེས་མོ་ལ་དེ་ལྟར་སེམས་གསོ་ཅུང་ཙམ་ཞིག་བྱས་རྗེས། ཁོ་མོ་ཁྲིད་དེ་ཕྱིར་ལ་ལོག་སོང་། ཆོས་འཕེལ་ལ་ཆེས་ཐོག་མར་འདི་ལྟ་བུའི་དོན་དངོས་ཤིག་འཕྲད་པ་ཡིན་པས་ཡ་མཚན་ཆེན་པོ་སྐྱེས།

    སྐབས་དེར། ཁོའི་ཁ་པར་ལས་སྐད་འཕྲིན་ཐོན་པའི་བརྡ་གྲགས་བྱུང་། ཁོ་རང་གཉིད་ལས་སད་པ་བཞིན་མིག་གིས་ཡར་མར་ལ་ཅིག་བལྟས་རྗེས་ཁ་པར་གྱི་འཆར་ངོས་སུ་བལྟས་པ་ན། དབྱངས་ཅན་སྐྱིད་ཀྱིས་འཕྲིན་ལན་བསློགས་འདུག་པས། ཡིད་སེམས་ལྷོད་ལ་བབས་ཤིང་དགའ་སྣང་གིས་ཁེངས།

    ད་ནི་དགེ་འདུན་རྣམ་པས་《འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་》དང་《ཆགས་མེད་བདེ་སྨོན་》སོགས་བཏོན་ཟིན་ཞིང་ཕྱིར་སློབ་གླིང་དུ་ལོག་འགོ་བརྩམས་སོང་།

བདུན།

    ཉི་མ་ནུབ་ཟིན། རྒྱང་རིང་གི་གནམ་སའི་བར་མཚམས་སུ་ཡོད་ཚད་མག་མོག་ཏུ་སྣང་ཞིང་།  མཁའ་མཐའི་སྐར་མ་འགས་ལྐོག་ཏུ་གསལ་ལ་མི་གསལ་བའི་འོད་མདངས་འཚེར་བཞིན་ཡོད་ལ།  ཟླ་བའི་འོད་སྣང་ཡང་རྒྱང་རིང་གི་གནམ་སའི་ས་མཚམས་ནས་ཡར་འཕྲོས་པས་ཀླད་ཀྱི་ནམ་མཁའ་ཆུང་ཆུང་དེ་དཀར་གསལ་ལེར་བཏང་ཡོད།

    ཆོས་འཕེལ་གྱི་ཡིད་སེམས་གཉིས་པོ་དགའ་སྣང་གིས་ཁེངས་ཞོར་ཁ་པར་གྱི་འཆར་ངོས་སུ་བལྟས། དབྱངས་ཅན་སྐྱིད་ཀྱིས་འཕྲིན་ཡིག་མ་བྲིས་པར་སྐད་ཅིག་བསྐུར་འདུག

    ཁོས་རང་གི་ཉལ་ཁྲིའི་ཀླད་ཀྱི་དུས་ཚོད་ལ་བལྟས་པ་ན། ཁྲིག་སེར་དུས་ཚོད་དགུ་པ་རེད། “ཨོ་ཨོ།  ད་མ་བཟང་ཐལ། ལན་མགྱོགས་པོ་མ་རྫོགས་ན་ཁོ་མོ་ཉལ་རྒྱུ་རེད་”ཅེས་བྲེལ་འཚུབ་ཀྱིས་ཁེངས་ཏེ། ཁོས་སྐད་གསང་དམའ་མོའི་ཐོག་ནས།  “སྙིང་ཉེ་བའི་གྲོགས་མོ་དབྱངས་ཅན་སྐྱིད་ལགས། དགོང་མོ་བདེ་ལེགས། ཁྱེད་ཀྱིས་ལན་བསློགས་ཡོང་བ་འདི་ལ་ཁོ་བོ་ཧ་ཅང་དགའ་ཡོད།  ད་སྐབས་ཁྱེད་ཀྱི་སློབ་སྦྱོང་ཡར་ཐོན་ལ་འགྲོ་བཞིན་ཡོད་དམ། སློབ་གླིང་དེ་སྔར་བཞིན་སྐྱིད་པོ་ཞིག་ཨེ་རེད།  གྲོགས་མོ་ལགས།   ངས་ཁྱོད་ལ་ནམ་ཡིན་ཡང་སྐད་ཆ་ལ་ལ་ཞིག་བཤད་འདོད་ཆེ་ཡང་། འདི་ནས་བཤད་ས་མི་འགྲོ་བས་ཁོ་བོའི་སེམས་ཁམས་ཁྱེད་ཀྱིས་རྟོགས་རྒྱུ་གལ་ཆེ། ང་རང་ནམ་ཡིན་ཡང་སྔར་བཞིན་ཡིན། ངས་འདི་ནས་དམིགས་གསལ་དུ་དུས་ལྟར་ཁྱོད་ལ་ལན་སྟེར་མ་ཐུབ་པས་དགོངས་འགལ་མེད་པར་ཞུ།”ཞེས་ཡང་ཟོལ་དང་ལྡན་པའི་ངང་ནས་བསྐུར།

    དེ་རྗེས།  གཞི་ནས་སེམས་ལྷོད་ལ་ཕབ་ནས་དབྱངས་ཅན་སྐྱིད་ཀྱིས་བསྐུར་ཡོད་པའི་སྐད་དེར་ཉན།

    སྐད་དེ་ནི་འདི་ལྟ་སྟེ། “ཧ་ཧ།  ཨ་རོ།  ཟླ་བ་ཡག་པོ་བྱས་ནས་མི་འདུག་པར་འདི་ལྟ་བུའི་འཆལ་གཏམ་བཤད་རྒྱུ་ངོ་མི་ཚའམ། ང་ཚོའི་ལམ་ཁ་སོ་སོ་རེད། ཁྱོད་རང་གྲྭ་བ་ཡིན་པའི་འདུ་ཤེས་མ་བོར་ན་ཡག་ནི་རེད། སྟོང་བསམ་འཆང་བཞིན་མ་འདུག བདེ་མོ་བྱོས། ”ཅེས་སྐྱེས་པ་ཞིག་གིས་སྨྲས་འདུག

    ཆོས་འཕེལ་གྱིས་རང་གི་རྣ་བར་སྐྱོན་ཞུགས་འདུག་སྙམ་ནས་ཡང་བསྐྱར་ཐེངས་གཅིག་ཉན།

    དངོས་གནས་རེད་འདུག  སྐྱེས་པ་ཞིག་གི་སྐད་རེད་འདུག་པས།  ཁོས་སླར་ཡང་།  “ཨ་རོ།  ཁྱོད་སུ་ཡིན།  ཁྱོད་ཀྱིས་ང་ལ་འདི་ལྟར་བྱེད་དགོས་དོན་ཅི་ཡིན།  དོན་ངོ་མ་སུ་ཡིན་”ཞེས་ཇི་ལྟར་དྲིས་ཀྱང་ལན་གཏན་ནས་ལན་བསློག་རྒྱུ་མ་བྱུང་།