རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-07-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
༡ ངོ་སྤྲོད།
ནང་པའི་གཙུག་ལག་ཁང་གི་མདུན་སྒོ་གོང་དང་། ཡང་སྟེང་དུ་དབུས་སུ་འཁོར་ལོ་དང་། གཡས་གཡོན་དུ་རི་དྭགས་ཕོ་མོ་གཉིས་བཞེངས་སྲོལ་ཡོད། དེ་དག་གིས་མཚོན་བྱ་དཔེ་དང་། མཚོན་བྱེད་དོན་གཉིས་སུ་བཤད། དེ་ཡང་འཇིག་རྟེན་ཡོངས་གྲགས་སུ། སྟོན་པས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།། བདུད་རྩི་ལྟ་བུའི་ཆོས་ཞིག་བདག་གིས་རྙེད།། སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས།། མི་སྨྲ་ནག་འདབ་བཞིན་དུ་གནས་པར་བྱ།། ཞེས་དྲང་སྲོང་ལྷུང་བའི་རི་དྭགས་ཀྱི་ནགས་ཞེས་ཡུལ་ཝཱ་ར་ནཱ་སིར་མི་སྨྲ་བའི་བརྟུལ་ཞུགས་སུ་བཞུགས་པའི་ཚེ། ལྷ་ཡི་དབང་པོ་ཚངས་པ་ཆེན་པོས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་གསོལ་བ་བཏབ་པའི་ཚེ། ནགས་ནས་རི་དྭགས་རུ་རུའམ། ཀྲིཥ་ཎ་སཱ་ར་ཕོ་མོ་གཉིས་བྱུང་སྟེ་དགའ་མགུ་ཡིད་རང་གི་རྣམ་པས་མིག་མི་འཛུམ་པར་ཆོས་ཀྱི་འཁོར་ལོ་དེར་བལྟ་བ་ནི། དུད་འགྲོ་ཕལ་པའི་སྤྱོད་པ་ཙམ་མིན་པར་རྒྱུ་རྐྱེན་དང་རྟེན་འབྲེལ་ཁྱད་པར་ཅན་ཞིག་བྱུང་སྟེ་དེ་ནས་བཟུང་ནང་པའི་དཔེ་མཚོན་ཁྱད་པར་ཅན་ཞིག་ཆག་ཡོད།
༢ མཚོན་བྱ་དཔེ།
འཁོར་ལོ་ནི་སངས་རྒྱས་སམ་ཡང་ན་དེ་ཡིས་གསུང་པའི་དམ་ཆོས་མཚོན་པ་དང་། རི་དྭགས་གཉིས་པོ་དམ་ཆོས་ལོངས་སུ་སྤྱོད་མཁན་གྱི་གདུལ་བྱའི་སེམས་ཅན་མཚོན་པ་དང་། ཆོས་ཉོན་པའི་གནས་སྐབས་སུ་ཆོས་ལ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་དོན་གཉེར་དགོས་པ་དང་། དོན་དུ་གཉེར་བའི་ཚེ་རི་དྭགས་ཀྲིཥ་ཎ་སཱ་ར་བཞིན་དུ་དབེན་པའི་གནས་བསྟེན་ཏེ། ལུས་འདུ་འཛི་ལས་དབེན་ཞིང་། སེམས་རྣམ་རྟོགས་ལས་དབེན་པ། བྱ་ཉུང་། དོན་ཉུང་། འདོད་ཆུང་ཆོག་ཤེས་བྱས་ཏེ་སྒོམ་སྒྲུབ་ཚུལ་བཞིན་བྱེད་དགོས་པར་མཚོ
༣ མཚོན་བྱེད་དོན།
ཆོས་ཀྱི་འཁོར་ལོ་འདི་སངས་རྒྱས་ཀྱི་གསུང་འཚེ་བ་མེད་པ་དམ་པའི་ཆོས་མཚོན་པ་དང་། དེ་ཚུལ་བཞིན་ཐོས་བསམ་སྒོམ་གསུམ་གྱིས་ཉམས་སུ་བླང་ན་རི་དྭགས་ཀྲིཥ་ཎ་སཱ་ར་ནི་དུད་འགྲོ་ཡིན་རུང་ལྷན་སྐྱེས་ཀྱི་སྙིང་རྗེ་ལྡན་ཞིང་སེམས་ཅན་གཞན་ལ་འཚེ་བའི་བསམ་པ་བྲལ། ཐ་ན་གཞན་གྱིས་རང་གི་སྲོག་ལ་བདོ་ཡང་ཁོང་མི་ཁྲོ་བ་མ་ཟད། རྣམ་ཤེས་ཀྱི་རྟེན་དང་ཕྲལ་ཡང་མིག་མི་ཟུམ་པར་སྙིང་རྗེའི་གཟུགས་སུ་བལྟ་བར་བྱེད་པས་ན། དམ་པའི་ཆོས་ཉམས་སུ་ལེན་པའི་གང་ཟག་ལ་ཡང་དེ་ལྟར་དགོས་པར་མཚོན། གཞན་ཡང་ཆོས་འཁོར་གྱིས་སངས་རྒྱས་དང་། རི་དྭགས་གཉིས་ཀྱིས་མུ་སྟེགས་བྱེད་མཚོན་པ་དང་། འཁོར་ལོ་རྩིབས་བརྒྱད་དང་། རྩིབས་བཅུ། རྩིབས་སྟོང་སོགས་འབྲེལ་བཤད་མང་དག་ཞིག་ཡོད་པ་མ་ཟད། དེ་དག་ལ་ཆོས་ཀྱི་ཕུང་པོ་མི་འདྲ་བ་དང་སྦྱར་ཏེ་རྒྱས་བཤད་བྱེད་པ་དང། རི་དྭགས་གྱིས་བདག་མེད་མཚོན་ཚུལ་སོགས་གང་ཞིག་ཡིད་དྲན་གྱི་རྒྱས་བཤད་ཤིན་ཏུ་མང་། ལ་ལས་སྔགས་ཀྱི་སྐབས་སུ་དཀྱིལ་འཁོར་གྱི་བཤད་པར་འཁོར་ལོའི་རྩིབས་བཅུ་ནི་ཁྲོ་བོ་བཅུའི་སྲུང་བའི་འཁོར་ལོའི་མཚོན་བྱེད་དང་། ཡང་བདེ་ཆེན་གྱི་ཡེ་ཤེས་ལྔ་རྣམ་པ་བཅུ་རུ་ཕྱེས་ཏེ། ཤེས་བཅུ་རྣམ་དག་འཆང་བའི་དོན་མཚོན་པ་སོགས། དེ་ཐམས་ཅད་གདུལ་བྱ་རང་རང་གིས་གོ་དོན་མི་འདྲ་བ་རེ་སྦྱར་ཏེ་བློས་བཏགས་པའི་རྟེན་འབྲེལ་ཙམ་དུ་སྤྲོས་པ་དང་། དག་སྣང་རྒྱ་འབྱམས་སུ་ཤོར་བའི་བོད་རྒན་རྣམས་ཀྱི་ལུགས་སྲོལ་ཞིག་ཀྱང་མིན་འགྲོ།
མིག་མཐོང་ལག་ཟིན་གྱི་འབྲེལ་བཤད་ཅིག་བྱེད་ན། རྟགས་འདི་དང་ལྡན་པའི་འཁོར་ཡུག་དེར་ཆོས་དང་མཐུན་པ་ཞིག་བཤད་དགོས་པ་དང་། དེ་ཉོན་པའི་གང་ཟག་སྐལ་བ་དང་ལྡན་པའི་གདུལ་བྱ་སྐྱེ་བོ་ཕོ་མོ། དབང་རྣོན་ཆོས་ཀྱི་རྗེས་འབྲང་ངམ། དབང་རྟུལ་དད་པའི་རྗེས་འབྲང་སུ་ཡིན་རུང་། དགའ་ཞིང་གུས་པས་ཐར་མོ་སྦྱར།། དད་པའི་མིག་གིས་རབ་ཏུ་བལྟ།། ཞེས་གསུང་པ་ལྟར། ཁོར་ཡུག་དེར་ཆོས་དང་མཐུན་པའི་སྒོ་ནས་ངང་གིས་འདུ་ཞིང་ཆོས་ཉན་པའི་ཚེ་ཡང་། མདོ་ལས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག། ཅེས་གསུངས་པ་ལྟར། སྣོད་ཀྱི་སྐྱོན་གསུམ་དང་། དྲི་མ་དྲུག མི་འཛིན་པ་ལྔ་སྤངས་ལ། འདུ་ཤེས་བཞི་དང་ལྡན་པའི་སྒོ་ནས་མིག་མ་འཛུམ་པར་ཆོས་གསུང་བ་པོའི་སྐུའི་ཡོན་ཏན་མིག་གི་བདུད་རྩི་ལ་སྤྱོད་ཅིང་། གསུང་གི་ཡོན་ཏན་རི་དྭགས་སྒྲ་སྙན་ལ་ཆགས་པ་ཇི་བཞིན་སྒྲ་འཛིན་གྱི་བཅུད་ལ་རོལ་ཏེ་དམ་པའི་ཆོས་གང་གསུངས་པ་རྣམས་སྒོ་གསུམ་གུས་པས་ལེགས་པར་ཉན་ཏེ་དོན་ཡིད་ལ་འཛིན་དགོས་པར་བཤད་ན་ཐེག་པ་ཐུན་མོང་དང་། སྐྱེ་འགྲོ་ཀུན་གྱིས་ཉོན་ཤེས་པར་སེམས་སོ།།