རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-07-24   རྩོམ་ཁུངས།    མི་དམངས་དྲ་བ།
ཆང་གི་རྒྱུ་ཆ།
ཆང་གི་རྒྱུ་ཆ་གཙོ་བོ་ནི་བོད་ས་མཐོའི་ཞིང་ཁམས་རང་ནས་འཁྲུངས་པའི་སྐྱེ་དངོས་ནས་ཞེས་པ་དེ་ཡིན་ཞིང་། ནས་ལ་དབྱེ་ནའང་དཀར་མོའི་ནས་དང་། སྨུག་པོའི་ནས། སྔོ་ཐུལ་གྱི་ནས་སོགས་ཡོད་པ་ལས་དཀར་མོ་ནས་ལས་བཙོས་པའི་ཞིམ་པོའི་མཆོད་ཆང་བདུད་རྩི་ཞེས་ཆང་རྒྱུ་འབྲུ་དཀར་མོ་མཆོག་ཏུ་འཛིན་པ་དང་། དེ་མིན་རྒྱུ་གྲོ་ལས་བྱས་པའི་གྲོ་ཆང་དང་། རྒྱུ་བྲ་ལས་བྱས་པའི་བྲ་ཆང་། རྒྱུ་འབྲས་ལས་བྱས་པའི་འབྲས་ཆང་སོགས་ཡོད། རྒྱུན་དུ་ཆང་ནི་རྒྱུ་གཙང་སྤུས་གཙང་དཀར་མོ་ནས་ལས་བྱས་པ་ཤས་ཆེ་ཞིང་། གྲོ་ཆང་གིས་མཁལ་མ་སོགས་ལ་གནོད་ཕྱིར་དེ་ཡིས་ཆང་རྒྱུ་བྱེད་པ་ཤིན་ཏུ་ཉུང་། དེ་མིན་བྲ་ཡི་ཐོན་འབབ་ཤིན་ཏུ་དམའ་བས་ཆང་རྒྱུ་བྱེད་པའང་ལྷག་པར་ཉུང་བ་དང་། རྒྱུ་བྲ་ཡིས་བྱས་ན་ལུས་ཟུངས་ལ་སྨན་པའི་ཡོན་ཏན་ལྡན་གཤིས་དེས་རྒྱུ་བྱེད་པ་ལ་ཤིན་ཏུ་ཞེན། རྒྱུ་འབྲས་ལས་བྱས་པའི་འབྲས་ཆང་ཞེས་པ་བསྙལ་སྲོལ་མཆིས་རུང་འབྲས་ཆང་བཏུང་མཁན་མི་མང་བར་སྣང་། དེར་བརྟེན་བོད་ཀྱི་ཡུལ་ནས་ཐོན་སྐྱེད་བྱས་པའི་དཀར་མོ་ནས་ནི་ཆང་རྒྱུ་གཙོ་བོར་བྱེད་པ་དང་། མདོར་ན་ཆང་རྒྱུ་ནས་དང་། རྫས་སྦྱོར་ཕབས། རླན་གཤེར་དྭངས་གཙང་གི་འདེབས་ཆུ་བཅས་ཚོགས་པ་ལས་ཆང་གྲུབ་པའོ། །
ཆང་བཙགས་ཐབས།
ཆང་བཟོ་བའི་ལག་རྩལ་ནི་བོད་རིགས་ཀྱི་ལག་ཤེས་གཞན་དང་འདྲ་བར་བོད་མི་རྣམས་ཀྱིས་ཡུན་རིང་གི་འཚོ་བའི་ལོ་རྒྱུས་ལམ་བུའི་སྟེང་། རིམ་གྱིས་ས་ཁོངས་འདིའི་སྐྱེ་དངོས་སྣ་ཚོགས་ལ་བརྟག་དཔྱད་ཞིབ་འཇུག་བྱས་པ་ལས་གང་དེའི་བྱེད་ནུས་ཤེས་རྟོགས་བྱུང་རྗེས་རང་ཉིད་ཀྱི་རིགས་སྟོབས་ལ་བརྟེན་ནས་དེ་དག་ཕན་ཚུན་སྡེབ་སྦྱོར་བྱས་པ་ལས་རྙེད་པ་ཞིག་ཡིན་གཤིས། དེ་ཡང་བོད་མི་རྣམས་ཀྱིས་མི་ཐོག་ནས་མི་ཐོག་བརྒྱུད་རིམ་གྱིས་ཉམས་མྱོང་གསོག་འཇོག་དང་མཐོང་བ་བརྒྱུད་པའི་ཕྱག་ལེན་ལ་བརྟེན། གཞི་ནས་སྒྲིག་གཞི་ཆ་ཚང་བའི་ཐུན་མོང་མ་ཡིན་པའི་བཟོ་རྩལ་ཞིག་ཏུ་གྲུབ་ཡོད། ཆང་བཟོ་བའི་བརྒྱུད་རིམ་ནི་འདི་ལྟར་ཏེ། ཐོག་མར་ཆང་རྒྱུ་ནས་ཀྱི་མང་ཉུང་སྐྱོགས་ལ་ཚད་འཇལ་བར་བྱེད་པ་དང་། ཆང་རྒྱུའི་ནང་ཡོད་པའི་ས་ཆུང་རྡོ་ཆུང་རྩྭ་སྙིགས་སོགས་སྒྲུག་དགོས། དེ་ནས་ཆུ་ལ་ཐེངས་མང་གཙང་མར་བཀྲུ་བར་བྱེད་པ་དང་། གཙང་བཀྲུས་ཟིན་རྗེས་ཐབ་ཁྲུ་ཞེས་རྫ་ལས་བཟོས་པའི་སྣོད་ཁོག་ནང་བླུགས་ཏེ་དེ་ལ་ཆང་རྒྱུ་ལས་ལྡབ་གཅིག་གིས་མང་བའི་ཆུ་འདེབས་པ་ཡིན། དེའི་རྗེས་ཐབ་ཁྲུ་མེ་ཐབ་ལ་བསྐྱོན་ནས་མ་འཁོལ་བར་མེ་ཤུགས་ཆེ་ཙམ་དང་། འཁོལ་རྗེས་མེའི་ཚ་ངར་རན་པོས་ངང་རིང་གིས་བཙོ་བར་བྱེད། དེ་ལྟར་མ་གར་མ་འཚིག་ཙམ་དང་ཆུ་མེད་སྐམ་ཙམ་གྱི་དུས་ན་ཚོས་ཟིན་པ་ཡིན་པས། མེ་ཐབ་ནས་ཕབ་སྟེ་ཡུད་ཙམ་རིང་རླངས་བསུབ་བརྒྱབ་ནས་འཇོག་པ་དང་། དེའི་རྗེས་ཐབ་སླེ་སྟེ། རེ་ལྡེ་ལས་བཟོས་པའི་ཕྱར་བའི་ནང་དུ་བཀྲམ་ནས་ཚ་རླངས་ཡལ་བར་བྱེད་ཅིང་། དགུན་ཁའི་དུས་སུ་རླངས་ཆེན་ཡལ་མཚམས་སུ་ཕབས་རྩི་འདེབས་པ་དང་། དབྱར་ཁའི་དུས་སུ་རླངས་ཆུང་ཡལ་མཚམས་སུ་ཕབས་རྩི་འདེབས་པ། དེ་ཡང་ཚ་གྲང་ཧ་ཅང་རན་པོ་ཞིག་ཡིན་དགོས། གྲང་དྲགས་ན་བརླན་མར་དུས་ཐོག་ཏུ་མི་ལངས་པར་ཞག་ཉལ་རྒྱག་དགོས་པ་དང་། ཚ་དྲགས་ན་ཆང་ཚ་ཁག་ཏུ་གྱུར་ནས་བཏུང་མི་ཉན་པར་འགྲོ་བས། ཚ་གྲང་རན་པར་དགོས་པ་ཤིན་ཏུ་གཅེས། དེ་མིན་ཕབས་རྩི་དེའང་མང་དྲགས་ན་ཆང་སྐྱུར་མོ་དང་ཁག་པོ་འོངས་ཉེན་ཡོད་པས། མང་ཉུང་རན་ལ་སྙོམས་པར་ལན་གཉིས་ཙམ་འདེབས་པ་ཡིན། ཆང་རྒྱུ་རྣམས་ཐེངས་མང་ཕར་སློག་ཚུར་སློག་དང་ལུག་གི་སོག་རུས་གཅིག་གིས་དཀྲུག་དཀྲུག་བྱས་ནས་ཕབས་རྩི་སྙོམ་བསྲེས་ཀྱིས་རྫ་མའི་ནང་བླུགས་པ་དང་། དེ་མུར་གྲོ་རྩྭའི་གསེབ་བམ་ཡང་ན་མལ་ཐུལ་གྱི་ནང་དུ་ཁ་གཏུམས་ནས་དྲོ་སོབ་སོབ་ཀྱི་ཁྲོད་དུ་བསྙལ་བར་བྱེད། བསྙལ་ནས་ཉིན་གཉིས་གསུམ་ཙམ་འགོར་རྗེས་རྫ་མའི་མཐིལ་ལ་ཆང་ཏོག་ཙམ་བབས་ཤིང་བརླན་མར་རྣམས་མཉེན་པོ་ཆགས་པ་དང་། བརླན་མར་ལངས་པའི་དྲི་བསུང་འཐུལ་བར་བྱེད་པ་ཡིན་པས། དེ་དུས་དེ་ལ་ཆུ་གྲང་མོ་འདེབས་པ་ཡིན། སྤྱིར་ན་ཆང་རྒྱུ་སྐྱོགས་གཉིས་ཡིན་ན། ལན་དང་པོར་ཆུ་སྐྱོགས་གསུམ་ཙམ་དང་ལན་གཉིས་པ་གསུམ་པར་ཆུ་སྐྱོགས་གསུམ་རེ་བཏབ་ནས་བཙགས་ན་ཆང་གར་སླ་འཚམ་པར་འོངས་པ་དང་། དགུན་ཁའི་དུས་སུ་ལན་གཉིས་པ་གསུམ་པར་ཆུ་ཚ་པོ་ཏོག་ཙམ་བསྲེས་ནས་འདེབས་སྲོལ་ཡོད། འོན་ཀྱང་ལན་དང་པོར་ཆུ་གྲང་མོ་ཁོ་ན་ལས་ཚ་པོ་གཏན་ནས་འདེབས་རྒྱུ་མེད་དེ། བརླན་མར་ཚ་པོ་ཡིན་པས་ཚ་པོའི་སྟེང་ཚ་པོ་བཏབ་ན་ཆང་ཚ་ཁག་ཏུ་འགྱུར་ཉེན་ཡོད་པས། ལན་གཅིག་མ་དང་། ལན་གཉིས་མ། ལན་གསུམ་མ་ཞེས་སྤྱིར་ཆང་ལན་གསུམ་འཚག་སྲོལ་ཡོད།
ཆང་ཆས།
སྲོང་བཙན་ཡར་སྔོན་ནས་བཏུང་བྱ་ཆང་དེ་བོད་དུ་དར་བ་ནས་བཟུང་དེ་མཚུངས་ཀྱི་ཆང་སྣོད་སྣ་ཚོགས་ཀྱང་རིམ་བཞིན་དར་བ་ནི་བོད་མིའི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་ལག་ཤེས་རྨད་དུ་བྱུང་བ་ཞིག་ཏུ་གྲུབ། ཐོག་མའི་ཆང་སྣོད་ནི་རྫ་དང་གྲོད་པ། ཤིང་། པགས་པ་སོགས་ཡིན་པ་དང་། དེ་རྗེས་དངུལ་དང་ཟངས་སོགས་བྱས་པར་སྣང་། ཆང་ཆས་ལ་གཙོ་བོ་རྫ་ལས་གྲུབ་པའི་ཆང་བཙོ་སྣོད་ཐབ་ཁྲུ་དང་། ཁ་རྟིང་སློག་བྱེད་ཀྱི་ཐབ་རྒྱུག བཀྲམ་སྣོད་ཐབ་སླེལ། དཀྲུག་བྱེད་སོག་རུས། ཕབས་རྩིའི་བླུགས་སྣོད་ཕབས་ཕོར། རྒྱུ་ཤིང་ལས་བྱས་པའི་ཆང་འཚག་སྣོད་རྡོབ། རྒྱུ་རྫ་ལས་བྱས་པའི་ཆང་འགྱིང་སའི་ཆང་སྣོད་སྦུབས་རིལ། ཆང་གི་ཁ་རྟིང་གར་སླ་སྙོམས་བྱེད་སྦུབས་སྐྱ་སྨྱུག་མ་ཚིགས་གསུམ་མ་དང་། ཆང་སྣོད་དམ་བེ། ཟངས་རྐྱན། དངུལ་རྐྱན། རྫ་རྐྱན། ཟངས་ལན། གླུ་གུ འབྲོང་རྭ། རྫ་འོ་དང་། གོང་མོ། ཆང་འཆུ་བྱེད་ཀྱི་ཆུ་སྐྱོགས། འཁྱེར་བདེའི་གྲོད་ཆང་། པགས་ཆང་ཞེས་ར་ལུག་གི་གྲོད་པ་དང་པགས་པའི་ཆང་སྣོད། དེ་བཞིན་རྒྱུ་ཤིང་ལས་བྱས་པའི་དངུལ་གྱི་ཞབས་ཤན་བརྒྱབ་པའི་ཆང་ཕར་ཆེ་ཆུང་སྣ་ཚོགས་དང་། རྒྱུ་དངུལ་ལས་བྱས་པའི་དངུལ་ཕོར་སྣ་ཚོགས། ཤིང་ཕོར་ལ་དངུལ་གྱི་ཤན་དང་ཚགས་བརྒྱབ་པའི་ཤིང་ཕོར་ཆེ་ཆུང་སྣ་ཚོགས་ཡོད། ཤིང་ཕོར་ལྟ་བུ་ནི་གཡའ་རྒྱག་དཀའ་བ་དང་གནའ་ཉམས་དོད་པ། བྱིན་རླབས་ཆེ་བར་བརྩི་བ་དང་། རྒྱུ་དངུལ་ལས་བྱས་པའི་དངུལ་ཕོར་ནི་ཕྱུག་པོའི་ཉམས་དོད་པ་དང་། བསོད་ནམས་འཕེལ་བའི་རྟགས་སུ་བྱས་ནས་རྟེན་འབྲེལ་གྱི་མཛད་སྒོ་ཆེན་པོའི་སྐབས་སུ་ལོངས་སུ་སྤྱོད་པར་བྱེད།