ཡུན་ནན་དང་བོད་ལྗོངས་དབར་གྱི་ཇ་རྟའི་ཚོང་ལམ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-07-27   རྩོམ་ཁུངས།    མི་དམངས་དྲ་བ།

ལྷོ་རྒྱུད་ཀྱི་ཇའི་ཕ་ཡུལ་ཕུ་ཨར་ནས་ཐོན་ཏེ་འཇང་ས་དམ་དང་སེམས་ཀྱི་ཉི་ཟླ་བརྒྱུད་ནུབ་ངོས་བོད་ལྗོངས་ལྷ་སར་སླེབས་ཤིང་། རི་བོ་ཧི་མ་ལ་ཡ་བརྒལ་ནས་ལོ་ངོ་སྟོང་ཕྲག་མང་པོའི་རིང་དྲིལ་བུའི་སིལ་སྒྲ་དང་ལྷན་དུ་རི་མཐོ་གཡང་གཟར་ཁྲོད་དྲེལ་པ་མང་པོས་བློ་བརྟན་འགྱུར་མེད་ངང་འགྲུལ་བཞུད་ཐེངས་མང་བྱས་པས་འཕྲང་ལམ་རིང་མོ་ཞིག་ཆགས།
     མུ་ལ་མུ་འཁྱུད་ཀྱི་རི་བོ་དང་ལང་ལོང་དུ་རྒྱུག་པའི་གཙང་པོའི་རྒྱུད་དུ་ཆགས་པའི་འགྲིམ་འགྲུལ་ལམ་བུ་དེ་ནི་མི་རྣམས་ཀྱིས་བརྗོད་པའི“ཡུན་བོད་ཇ་རྟའི་ཚོང་ལམ”རེད་ལ། གནའ་བོའི་དུས་སུ་ཧ་ཅང་གཡང་གཟར་ཞིང་ཉེན་ཁ་ཆེ་བའི་ལམ་བུ་ཞིག་རེད།
     ཇ་རྟའི་ཚོང་འབྲེལ་ལས་བྱུང་ཞིང་། ཐང་དང་སུང་རྒྱལ་རབས་སྐབས་དར་བ་དང་། མིང་དང་ཆིང་རྒྱལ་རབས་སྐབས་དར་རྒྱས་ཆེན་པོ་བྱུང་བ།
     ཇ་རྟའི་ཚོང་ལམ་ནི་གནའ་བོའི་ལྷོ་ནུབ་མཐའ་མཚམས་ཀྱི་ཇ་རྟའི་ཚོང་འབྲེལ་ལས་བྱུང་བ་དང་། ཐང་དང་སུང་རྒྱལ་རབས་སྐབས་དར་ཞིང་མིང་དང་ཆིང་རྒྱལ་རབས་སྐབས་དར་རྒྱས་ཆེན་པོ་བྱུང་ལ། འཛམ་གླིང་དམག་ཆེན་གཉིས་པའི་དུས་དཀྱིལ་དང་དུས་མཇུག་ཏུ་དར་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད།
     “ཇ་རྟའི་ཚོང་ལམ་གྱི་དར་རྒྱས་དང་ཇ་ལོའི་དབར་འབྲེལ་བ་དམ་ཟབ་ལྡན”ཞེས་ཡུན་ནན་སེམས་ཀྱི་ཉི་ཟླ་དངོས་མང་རྟེན་རྫས་བཤམས་མཛོད་ཁང་གི་ཀོན་ཀྲང་ཧོ་ཆང་གིས་བརྗོད་པ་དང་། ཁོང་གིས་ཁམས་ཡུལ་ནི་མཐོ་གྲང་ཁུལ་དུ་གཏོགས་པ་དང་ས་བབ་མཐོ་ཚད་སྨི་སུམ་སྟོང་བཞི་སྟོང་ཡན་དུ་གནས་པར་བརྟེན་བོད་མི་དམངས་ལ་ཇ་བསྲུབས་མ་འཐུང་བའི་གོམས་གཤིས་འཇགས་ཡོད་མོད། འོན་ཀྱང་བོད་རིགས་ས་ཁུལ་དུ་ཇ་ལོ་ཧ་ཅང་དཀོན་པ་དང་། ནང་སའི་མི་དམངས་ཀྱི་འཚོ་བ་དང་དམག་འཐབ་ལ་རྟ་དྲེལ་མང་པོ་དགོས་པར་བརྟེན“ཇ་རྟའི་ཚོང་འབྲེལ”ལ་ཕན་ཚུན་གསབ་རེས་རང་བཞིན་ཆེན་པོ་ལྡན་ཡོད་ཅེས་ངོ་སྤྲོད་བྱས།
      ཧོ་ཆང་གིས་ལྷོ་ནུབ་རྒྱུད་ཀྱི་ཇ་རྟའི་ཚོང་ལམ་ལ་ལམ་ཐིག་གཙོ་བོ་གཉིས་ཡོད་པ་སྟེ། གཅིག་ནི་ཁྲོན་བོད་ལམ་ཐིག་ཡིན་ཞིང་། སི་ཁྲོན་གྱི་གཡག་རྔ་ནས་ཐོན་ཏེ་དར་མདོ་དང་འབའ་ཐང་སོགས་བརྒྱུད་བོད་ལྗོངས་ལྷ་སར་འབྱོར་གྱི་ཡོད་པ་དང་། གཞན་ཞིག་ནི་ཡུན་ནན་གྱི་ཕོར་ཇ་ཐོན་ཡུལ་གཙོ་བོ་ནས་འགོ་ཚུགས་ཏེ་ཏ་ལི་དང་། ས་དམ། སེམས་ཀྱི་ཉི་ཟླ། བདེ་ཆེན་བཅས་བརྒྱུད་བོད་དུ་བསྐྱོད་ནས་ལྷ་སར་འབྱོར་གྱི་ཡོད་ཅེས་བཤད།
     “ཡུན་བོད་ཇ་རྟའི་ཚོང་ལམ་ལམ་རྒྱུད་སྤྱིར་ན་འཕྲེད་བཅད་རི་བོའི་ཁུལ་དུ་ཡོད་པས་རི་མཐོ་དང་གཙང་པོ་སྒྲོལ་དགོས་ནའང་རང་བྱུང་ཁོར་ཡུག་ཧ་ཅང་མཛེས་པོ་ཡོད་པ་མ་ཟད། རིག་གནས་ཕུན་སུམ་ཚོགས་པའི་ངོ་མཚར་ལམ་བུ་ཞིག་རེད། དྲེལ་པས་ཐག་རིང་འགྲུལ་བཞུད་བྱས་ནས་ཆགས་པའི་འཕྲང་ལམ་དེ་མཐར་རྒྱལ་སྤྱིའི་ཚོང་དོན་དང་རིག་གནས་ཁྱབ་སྤེལ་གྱི་དམངས་ཁྲོད་ཀྱི་བགྲོད་ལམ་ཞིག་ཏུ་གྱུར་ཡོད”ཅེས་ཧོ་ཆང་གིས་བཤད་པ་རེད།
      གནའ་ལམ་གྱི་འགོ་ཁུངས་སུ་རྣམ་པ་གསར་པས་ཁེངས་པ།
      ཡུན་བོད་ཇ་རྟའི་ཚོང་ལམ་གྱི་འགོ་ཁུངས་ཕུ་ཨར་གྱི་སི་མའོ་དུ་ཡོད་པ་དང་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད་པའི་ཕོར་ཇའི་ཕ་ཡུལ་རེད།
      འགྲོ་འོང་རྒྱུན་ཆད་མེད་པའི་དྲེལ་པས་ཇ་ལོ་སྣ་ཚོགས་ཕུ་ཨར་ལ་ལས་སྣོན་བྱེད་པར་བསྐྱལ་རྗེས་ཕྱིར་ཚོང་བྱེད་ཀྱི་ཡོད། 2006ལོའི་ཟླ་4ཚེས་9ཉིན་ཡུན་ནན་ཞིང་ཆེན་རིག་གནས་ཐིང་དང་། ཡུན་ནན་ཞིང་ཆེན་འགྲིམ་འགྲུལ་ཐིང་། ཡུན་ནན་ཞིང་ཆེན་ཇ་རྟའི་ཚོང་ལམ་ཞིབ་འཇུག་མཐུན་ཚོགས་བཅས་ཀྱིས་ཕུ་ཨར་ཉིང་ཨར་གྱི་ཇའི་ཐང་ཆེན་དུ“ཇ་རྟའི་ཚོང་ལམ”གྱི་རྡོ་རིང་བཙུགས་པ་དང་དེ་ལྟེ་བར་བྱས་ནས་ཇ་རྟའི་ཚོང་ལམ་དེ་སྡོམ་ཐག་བཞིན་ཕྱི་ཕྱོགས་སུ་བསྲིངས་པ་རེད།
      ཉིང་ཨར་ན་ཁ་ལི་སྟེ། ཇ་རྟའི་ཚོང་ལམ་གྱི་ས་ཚིགས་གལ་ཆེན་དེར་སྐབས་དེར་འགྲུལ་ཁང་དང་། ཆང་ཁང་། རྟ་ར་སོགས་ཡོད་པ་དང་། ཚོང་བདག་ཆེན་པོ“རུང་ཧྥ་རྟ་ཚོང”གིས་ཉིན་གཅིག་ལ་ཆ་སྙོམས་རྟ་བརྒྱ་ལྷག་ཙམ་འཚོ་དགོས་པ་དང་། ད་ཆ་གྲོང་ཚོ་དེར་སྐྱོད་སྐབས་ད་དུང་སྐབས་དེ་དུས་དྲེལ་པས་སྤྱོད་མྱོང་བའི་རྟ་གཞོང་མཐོང་རྒྱུ་ཡོད།
      “ད་ལྟའི་གྲོང་ཚོ་ནི་ས་ཡོམ་རྗེས་བསྐྱར་དུ་སྐྲུན་པ་རེད”ལོ་11གོང་ཉིང་ཨར་དུ་ས་ཡོམ་རིམ་པ་6·3རྒྱག་སྐབས་པོ་ཅའོ་གྲོང་ཚོར་གཏོར་སྐྱོན་ཆེན་པོ་ཐེབས་ནས་གྲོང་ཚོ་ཡོངས་ཀྱི་སྡོད་ཁང་བསྐྱར་སྐྲུན་བྱེད་དགོས་བྱུང་བ་རེད། ལི་ཧྥེང་ཕིང་གིས“སྐབས་དེར་སྡོད་ཁང་ཁག་གཅིག་རྦད་དེ་བརྡིབས་པ་དང་སྡོད་ཁང་ཁག་གཅིག་གི་ཐོག་ཚང་མ་བརྡིབས་འདུག་པས། ང་ཚོ་ཕན་ཚུན་བླ་ཁེབས་མེད་པའི་སྡོད་ཁང་དུ་སྡོད་རེས་བྱས་པ་ཡིན”ཞེས་བཤད།
      སླར་གསོ་བསྐྱར་སྐྲུན་གྱི་གོ་སྐབས་རགས་རྗེས་པོ་ཅའོ་གྲོང་ཚོས་སྔར་ཡོད་ཀྱི་ཇ་རྟའི་རིག་གནས་དང་མི་རིགས་རིག་གནས་ཀྱི་ནང་དོན་ཟུང་འབྲེལ་བྱས་ཏེ་གྲོང་ཚོ་དང་། ལམ་བུ། སྤྱི་པའི་རིག་གནས་ཁང་སོགས་རྨང་གཞིའི་སྒྲིག་བཀོད་འཆར་འགོད་འཛུགས་སྐྲུན་བྱས་པ་དང་། ལོ་11གི་རྗེས་སུ་ཇ་རྟའི་ཚོང་ལམ་དུ་ཆགས་པའི་གྲོང་ཚོ་དེར་སླར་ཡང་གསོན་ཤུགས་ཀྱིས་ཁེངས་ཡོད།
      ཟླ་འོད་གྲོང་གིས་སླར་ཡང་སྐུ་མགྲོན་བསུས།
      ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླའི་རྡོ་མཁར་གནའ་གྲོང་ལ་ད་དུང་ཟླ་འོད་གྲོང་ཞེས་པའི་མིང་སྙན་པོ་ཞིག་ཡོད་པ་དང་། ཇ་རྟའི་ཚོང་ལམ་གྱི་གནད་ཆེའི་ས་ཆ་ཡིན་པའི་གནའ་གྲོང་དེར་ལོ་རྒྱུས་ཡུན་རིང་ལྡན་ཡོད། གནའ་བོའི་རྡོ་གཅལ་གྱི་ལམ་བུ་ནི་རང་བཞིན་ལྷུན་གྱིས་གྲུབ་པ་ལྟར་དུ་སྣང་བ་དང་། ས་ཆ་ལ་ལར་ད་དུང་ཡང་རྟ་དྲེལ་གྱི་རྨིག་ཤུལ་གསལ་པོར་མཐོང་ཐུབ། “རྡོ་མཁར་གནའ་གྲོང་སྐོར་བའི་རྒྱལ་ཐང་རྩྭ་ཐང་ནི་སྔ་མོ་ནས་དམག་དཔུང་འདུས་སྡོད་དང་ལུས་ཟུངས་གསོ་བའི་གནད་ཆེའི་ས་ཆ་ཞིག་ཡིན་ལ། ས་མཐོའི་རི་ལམ་ལ་འགྲོ་མཁས་པའི་གངས་ལྗོངས་ཀྱི་རྟ་མཆོག་སྟེ། རྒྱལ་ཐང་གི་རྟ་གསོ་སྐྱོང་བྱེད་པའི་ཞིང་ཁམས་ཤིག་ཀྱང་རེད། སྔོན་མ་རྒྱལ་ཐང་གི་ཁྱིམ་ཚང་རེ་རེར་རྟ་གསོ་བའི་གོམས་གཤིས་ཡོད”ཅེས་ཧོ་ཆང་གིས་བཤད།
      དམིགས་བསལ་གྱི་ས་བབ་ལེགས་ཆས་རྡོ་མཁར་གནའ་གྲོང་ཇ་རྟའི་ཚོང་ལམ་གྱི་ས་ཚུགས་གལ་ཆེན་ཞིག་ཏུ་གྱུར་ཅིང་། ཁང་ཤིས་ཁྲི་ལོ་ཉེར་བདུན་པར(1688ལོ)རྒྱལ་ཐང་དུ་ཚོང་འདུས་གྲོང་སྡེ་བཙུགས་པ་ནས་བཟུང་རྡོ་མཁར་གནའ་གྲོང་ཡང་ཡུན་བོད་ཉོ་ཚོང་གི་གནད་ཆེའི་ཚོང་འདུས་ས་ཚིགས་ཞིག་ཏུ་གྱུར་ནས་དར་རྒྱས་ཤིན་ཏུ་ཆེན་པོ་བྱུང་ཡོད།
     ད་ལྟ་ནི་ཆར་ཞོད་ཆེ་བའི་སྒང་ཡིན་པས། སྔོ་ལྡན་ཟ་འོག་ཐགས་སུ་བཏགས་འདྲའི་གཡུ་མདངས་འཛིན་པའི་རྒྱལ་ཐང་རྩྭ་ཐང་དུ་རྟ་ནོར་ལུག་གསུམ་ཅི་དགར་རྩེན་བཞིན་ཡོད་པ་དང་། མཐའ་བཞིའི་གངས་རིའི་མུ་ཁྱུད་ཀྱིས་མཛེས་རྒྱན་སྤྲས་པ་བརྒྱུད་དེ་ནི་འདབ་བརྒྱད་པད་མ་ཞལ་ཁ་ལྷམ་མེར་ཕྱེ་བ་དང་གཉིས་སུ་མ་མཆིས། ཡངས་པའི་རྒྱལ་ཐང་རྩྭ་ཐང་བརྒྱུད་ནས་འགྲོ་སྐབས་གཡས་གཡོན་གཉིས་ནི་ཚར་མ་སྐམ་བྱེད་ཀྱི་ཤིང་སྒྲོམ་ཡིན་པ་དང་། ཇ་རྟའི་ཚོང་ལམ་གྱི་དྲེལ་པའི་དྲིལ་བུའི་སིལ་སྒྲ་དུས་ཀྱི་གོམ་འགྲོས་དང་བསྟུན་ནས་རྣ་འཛིན་བུ་གར་ལྷུང་རྒྱུ་མེད་ནའང་། ཇ་རྟའི་ཚོང་ལམ་ནི་སྔར་བཞིན་སྐྱེ་སྟོབས་ཀྱི་དཔལ་ལྷམ་ལྷམ་དུ་འབར་ནས་རྟ་ལ་བཞོན་པ་དང་། རྐང་ཐང་མར་འགྲོ་བ། མེ་ཏོག་ལ་ལྟ་བ་སོགས་ཀྱང་མི་རྣམས་ཀྱི་ཡུལ་སྐོར་ཉམས་ལེན་བྱེད་སྟངས་གསར་པ་ཞིག་ཏུ་གྱུར་ཡོད། ད་ཆ་གནས་དེ་ན་ཀུན་གྱི་ཡིད་གསོ་བའི་གངས་ལྗོངས་ཀྱི་སྟག་མའི་མེ་ཏོག་ཁྲ་ཆིལ་ལེར་བཞད་ནས་ཕྱོགས་ཀྱི་བུང་བ་འགུགས་པའི་མེ་ཏོག་གི་རྒྱ་མཚོ་ལྟ་བུར་གྱུར་ཡོད།