རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-08-03   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས་གསར་དུ་བཟོ་བཅོས་བརྒྱབ་པའི《ཆོས་ལུགས་ལས་དོན་གྱི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ཡོངས་བསྒྲགས་བྱས་པ་དང་། 2018ལོའི་ཟླ་2ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྱོན་ཡོངས་ཁྲོད་ཆོས་ལུགས་ལས་དོན་ལ་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལྡན་ཡོད་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་དང་། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ། སྤྱི་ཚོགས་ཞི་མཐུན་དང་མི་རིགས་མཐུན་སྒྲིལ། རྒྱལ་ཁབ་ཀྱི་བདེ་འཇགས་དང་མེས་རྒྱལ་གོང་བུ་གཅིག་གྱུར་བཅས་དང་འབྲེལ་བ་ཡོད་པ་རེད། 2005ལོར་ལག་བསྟར་བྱས་པའི《སྲོལ་ཡིག》གིས་སྤྱི་དམངས་ཀྱི་ཆོས་དད་རང་མོས་ཀྱི་དབང་ཆ་འགན་ལེན་བྱས་པ་དང་། དགེ་མཚན་ལྡན་ལ་སྐྱོན་བྲལ་གྱི་ཆོས་ལུགས་འབྲེལ་བ་འཛུགས་པ། ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་ཞི་མཐུན་སྲུང་སྐྱོང་བྱེད་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་བསྟུན་ནས་ཆོས་ལུགས་ཁྱབ་ཁོངས་སུ་གནས་ཚུལ་དང་གནད་དོན་གསར་པ་ཁག་གཅིག་ཐོན་ཡོད་པས《སྲོལ་ཡིག》ལ་གསར་དུ་བཟོ་བཅོས་བརྒྱབ་སྟེ་འབྲེལ་ཡོད་ལམ་ལུགས་དེ་བས་འཐུས་སྒོ་ཚང་དུ་གཏོང་དགོས་ཀྱི་ཡོད་པ་རེད།
《སྲོལ་ཡིག》ལ་གསར་དུ་བཟོ་བཅོས་རྒྱག་པའི་དམིགས་ཡུལ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། དེ་སྤྱི་དམངས་ཀྱི་ཆོས་དད་རང་མོས་དབང་ཆ་དེ་བས་ལེགས་པའི་སྒོ་ནས་འགན་ལེན་བྱེད་པ་དང་། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་པ། ཆོས་ལུགས་ལས་དོན་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་བཅས་ལ་ཕན་པ་ཡོད་པ་དང་དེ་ཐོག་ནས་རང་རྒྱལ་གྱི་ཆོས་ལུགས་ལས་དོན་གྱི་ཁྲིམས་སྐྱོང་འཛུགས་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་གྱི་ཡོད་པ་རེད།
《སྲོལ་ཡིག》ནང་སྤྱི་དམངས་ཀྱི་ཆོས་དད་རང་མོས་དབང་ཆ་སྔར་བས་འགན་ལེན་བྱེད་ཆེད་རིམ་ཁག་མི་དམངས་སྲིད་གཞུང་གིས་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ལ་སྤྱི་པའི་ཞབས་འདེགས་ཞུ་བ་དང་། ཆོས་ལུགས་ལས་རིགས་ཀྱིས་ཁྲིམས་ལྟར་སྤྱི་ཕན་དགེ་སྒྲུབ་བྱ་གཞག་གཉེར་ཆོག་པ། ཆོས་ལུགས་ལས་རིགས་མི་སྣར་སྤྱི་ཚོགས་འགན་ལེན་ནང་ཞུགས་པའི་དབང་ཆ་ཡོད་པ།ཆོས་ལུགས་སློབ་གླིང་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱིས་ཁྲིམས་ལྟར་ཁྲིམས་མི་ཐོ་འགོད་བྱེད་ཆོག ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་དང་སློབ་གྲྭ ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ལ་ཁྲིམས་ལྟར་འབྲེལ་ཡོད་རྒྱུ་ནོར་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད་པ་བཅས་ཀྱི་གཏན་འབེབས་བྱས་ཡོད་པ་རེད།
《སྲོལ་ཡིག》ནང་ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་ཞི་མཐུན་ལ་སྔར་བས་སྐུལ་འདེད་གཏོང་ཆེད། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ་དང་། ཆོས་དད་སྤྱི་དམངས་དང་། ཆོས་ལ་དད་པ་མེད་པའི་སྤྱི་དམངས། ཆོས་ལུགས་མི་འདྲ་བར་དད་པ་བྱེད་པའི་སྤྱི་དམངས་བཅས་ཀྱིས་ཕན་ཚུན་བརྩི་འཇོག་དང་འཆམ་མཐུན་མཉམ་གནས་ཐུབ་པ་བྱེད་པ། ཆོས་ལུགས་ཁག་གིས་རང་བརྟེན་རང་ཚུགས་དང་རང་གཉེར་གྱི་རྩ་དོན་མཐའ་འཁྱོངས་བྱེད་པ། རྩ་འཛུགས་དང་མི་སྒེར་གང་རུང་གིས་ཆོས་ལུགས་མི་འདྲ་བ་དང་ཆོས་ལུགས་གཅིག་པའི་ནང་ཁུལ་དང་དེ་བཞིན་ཆོས་དད་སྤྱི་དམངས་དང་ཆོས་ལ་དད་པ་མེད་པའི་སྤྱི་དམངས་དབར་འགལ་ཟླ་དང་གདོང་གཏུག་བཟོ་མི་ཆོག་པ་བཅས་ཀྱི་གཏན་འབེབས་བྱས་ཡོད་པ་རེད།
《སྲོལ་ཡིག》ནང་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་རྒྱུ་སྔར་བས་ཚད་ལྡན་དུ་གཏོང་ཆེད“ཁྲིམས་མཐུན་སྲུང་སྐྱོང་དང་། ཁྲིམས་འགལ་བཀག་འགོག ཐལ་སྐྱོད་གཏན་འགོག སིམ་འཛུལ་བཀག་འགོག ཉེས་གསོག་ལ་རྡུང་རྡེག་བཅས”ཀྱི་རྩ་དོན་བཏོན་ནས་ཆོས་ལུགས་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་དྲ་སྦྲེལ་གྱིས་ཆོས་ལུགས་ཆ་འཕྲིན་ཞབས་འདེགས་ཞུ་རྒྱུ་ཚད་ལྡན་དུ་བཏང་ཡོད་པ་རེད། 《སྲོལ་ཡིག》ནང་ད་དུང་འབྲེལ་ཡོད་བཅའ་ཁྲིམས་ཀྱི་འགན་འཁྲི་གསལ་སྟོན་བྱས་ཡོད་པ་རེད།