རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-08-03   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།
ཉེ་བའི་ལོ་འགའི་རིང་ལ། རྔ་བ་ཁུལ་གྱིས་དམངས་སྲོལ་དུས་སྟོན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ་མ་ཟད། རིག་གནས་དང་ཡུལ་སྐོར་ཟུང་དུ་སྦྲེལ་ཏེ། དམངས་སྲོལ་རིག་གནས་དྲིལ་སྒྲོག་གང་མང་བྱས་པ་དང་། དམངས་འཚོ་ལེགས་བཅོས་བྱེད་རྒྱུ་གཞིར་བཟུང་ནས། དམངས་སྲོལ་དུས་སྟོན་བྱེད་སྒོ་མང་པོ་སྤེལ་བ་དང་། མི་སེར་ཀྱི་ཁེ་ཕན་སྔར་ལས་ཇེ་བཟང་དང་། ཐོན་ལས་བགྲོད་ལམ་སྔར་ལས་རྒྱ་ཆེ་རུ་བཏང་བ་རེད།
རྒྱུས་ལོན་བྱས་པ་ལྟར་ན། དབྱར་ཟླ7པར། མཛོད་དགེ་རྫོང་གིས་སྐབས་དྲུག་པའི་ཨ་མདོའི་རྟ་རྒྱུག་འགྲན་སྡུར་དུས་སྟོན་དེ་མཛོད་དགེ་རྩྭ་ཐང་ཆེན་མོ་ནས་སྤེལ་ལ། སི་ཁྲོན་དང་། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་འབྲོག་རྫོང་ཉེར་གཅིག་ནས་རྒྱུག་རྟ730འགྲན་བསྡུར་ལ་ཞུགས། འདི་ནི་ཨ་མདོའི་ས་ཁུལ་ནས་ཚད་གཞི་མཐོ་བའི་རྟ་རྒྱུག་བྱེད་སྒོ་ཞིག་ཡིན་པ་དང་། ཉིན་དྲུག་གི་རིང་གི་འགྲན་བརྩོད་ལས་མི་ཁྲི་སྟོང་མང་པོའི་མིག་དབང་འཕྲོགས་པ་མ་ཟད། ཉིན་རེར་མི་གྲངས་ཁྲི་སྟོང་འདུས་ཤིང། ཡུལ་དེའི་འབྲོག་པ་མང་ཚོགས་ལ་ཚོང་ལས་ཀྱི་གོ་སྐབས་བཟང་བོ་བསྐྲུན།
རྔ་བའི་རིག་གནས་ཐོན་ཁུངས་ལེགས་སྒྲིག་དང་། རྔ་བའི་མངའ་ཁུངས་ཀྱི་རིག་གནས་ཚོང་རྟགས་གཅིག་ཏུ་འགྱུར་ཆེད་དམངས་སྲོལ་རིག་གནས་བྱེད་སྒོ་དུ་མ་སྤེལ་བས། རྔ་བའི་རིག་གནས་ཡུལ་སྐོར་ཕན་ཚུན་ལ་སྐུལ་སློང་བཏང་བ་མ་ཟད། དབུལ་སྒྲོལ་གནད་འཕིགས་དང་དམངས་འཚོ་ཇེ་ལེགས་སུ་ཕྱིན། ཉེ་བའི་ལོ་འགའི་རིང་ལ། རྔ་བ་ཁུལ་གྱིས་ས་བབ་དང་བསྟུན་ནས། སྲིད་ཇུས་ལག་ལེན་ལ་རིགས་དབྱེ་སྟེ། ཡུལ་སྡེའི་དམངས་སྲོལ་བྱེད་སྒོ་ཁྱབ་གདལ་དང་།ཆའང་རིགས་ཀྱི་བུད་མེད་དུས་སྟོན་དང་། མཛོད་དགེའི་རྟ་རྒྱུགས་འགྲན་ཚོགས། བཙན་ལྟའི་སྐུ་བླ་རི་བོར་གནས་སྐོར། ཧུང་ཡོན་རྩྭ་ཐང་ཆེན་མོའི་ནོར་གནག་དུས་སྟོན། རྔ་བའི་རྫ་ཁྲོམ་དུས་སྟོན། ཛམ་ཐང་གི་ཛམ་བྷ་ལའི་དུས་སྟོན་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བྱེད་སྒོ་སྤེལ་བ་དང་། མི་རིགས་ཀྱི་རིག་གནས་ཚོང་རྟགས་མཐོར་འདེགས་བཏང་སྟེ། དེ་ལས་ཡུལ་དེའི་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་དང་། དམངས་འཚོ་ཇེ་ལེགས་སུ་བཏང་།