རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-08-19   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
པྲ་ཏི་རིན་ཆེན་དོན་གྲུབ་ནི་རབ་བྱུང་བཅུ་གཅིག་པ། ཕྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་སྨད་ཙམ་ལ་མདོ་སྨད་དཔའ་རིས་ཡུལ་གྱི་པྲ་ཏི་ཞེས་པའི་འཚོ་བར་སྐུ་འཁྲུངས། དགུང་ལོ་ཆུང་དུས་ནས་ཞོགས་དོན་ཡོད་མཁས་གྲུབ༼ ༡༦༧༡/༡༧༣༡ ༽ཀྱི་སྐུ་མདུན་ནས་རབ་ཏུ་བྱུང་། སེ་རྭ་ཐེག་ཆེན་གླིང་གི་བྱེས་པ་གྲྭ་ཚང་དུ་བཞུགས། ལྷོ་པ་ཁང་ཚན་གྱི་ཕུར་ལྕོག་རྗེ་བཙུན་ངག་དབང་བྱམས་པ༼ ༡༧༨༢/༡༨༦༢ ༽ སོགས་ཡོངས་སུ་གྲགས་པའི་དགེ་བའི་བཤེས་གཉེན་མང་དུ་བསྟེན་ཏེ། གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ནས་མཐར་དགེ་བཤེས་ཀྱི་མཚན་རྟགས་བཞེས་ཀྱང་དེ་ཙམ་གྱིས་མཁས་པའི་ཡང་རྩེར་སོན་པ་མ་བྱུང་བས། ཕུར་ལྕོག་ངག་དབང་བྱམས་པའི་དྲུང་ནས་འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་ཀྱི་མན་ངག་ཞུས་ཏེ། སེ་རྭ་ནས་རྟ་ལམ་ཉིན་གཉིས་ཀྱི་ས་བྲག་ཡེར་བ་ཞེས་པར། སློབ་དཔོན་པདྨ་འབྱུང་གནས་ཀྱི་སྒྲུབ་ཁང་དུ་འཇམ་དབྱངས་དཀར་པོ་ཡུན་རིང་བསྒྲུབས། འོན་ཀྱང་རྟགས་དང་མཚན་མ་གང་ཡང་མ་བྱུང་བས། ཐུགས་སྐྱོ་ནས་ཕྱིར་ཕེབས་ཏེ་གངས་སྟོད་དུ་འབྱོར་བ་ན། གནས་དེར་བྲག་ཕུག་ཙོག་པུ་བའི་གནས་ལྟ་བུ་ཞིག་ཡོད་པ་དེར། ངལ་གསོས་ནས་བཞུགས་ཉིད་གཉིད་ཅུང་ཁུག་པ་ན། རྨི་ལམ་དུ་ཨ་ཡིག་དཀར་པོའི་ཆར་བབས་པ་དང་། ཨ་ཡིག་རྣམས་གཅིག་ནས་གཅིག་ཏུ་འདུས་ཏེ་མཐར་ཨ་ཡིག་གཅིག་པུ་དེ་རང་ཉིད་ལ་ཐིམ་པ་རྨིས། གཉིད་ལས་སད་པ་ན། བྲག་དེར་ཨ་རང་བྱོན་ཞིག་གཟིགས། ད་ལྟའང་བྲག་དེར་ཨ་ཡིག་མངོན་སུམ་དུ་མཇལ་རྒྱུ་ཡོད།
དེ་ནས་སེར་སྨད་དུ་བྱོན་ནས་སླར་ཡང་ཕུར་ལྕོག་ངག་དབང་བྱམས་པའི་དྲུང་དུ་བཅར་ཏེ། རྟགས་དང་མཚན་མ་སོགས་གང་ཡང་མ་བྱུང་བའི་ལོ་རྒྱུས་བཅས་ཞུས་པར། ལན་དུ་སེམས་ཁྲལ་བྱེད་མི་དགོས། ཁྱེད་རང་གིས་བསྒྲུབས་ཡོད། སང་ཉིན་སྔ་དྲོ་ཇ་ཡག་པོ་ཞིག་བཟོས། དེ་བཏུང་ནས་ཕྱག་དཔེར་གཟིགས་གསུངས་པས། ཞོགས་ཆོས་དམ་བཅའ་ཆེན་མོ་ཡོད་ཀྱང་མ་ཕེབས་པར་བླ་མའི་བཀའ་བཞིན་ཕྱག་དཔེ་གཟིགས་ནས་བཞུགས་པས། སྔར་དང་མི་འདྲ་བའི་མྱོང་བ་ཁྱད་པར་ཅན་སྐྱེས། དགོང་མོར་དམ་བཅའ་ཆེན་མོར་ཕེབས་ནས་རྟགས་བསལ་བཏང་གནང་བས། མཁས་དབང་སུས་ཀྱང་གླགས་རྙེད་པ་མ་བྱུང་སྟབས། དེ་དག་གིས་པྲ་ཏི་དགེ་བཤེས་སྨྱོན་པས་རྟགས་བསལ་སྒྲིག་མ་བཟོས་ཕྱིན་འདུག་ཟེར་རོ། །
དེ་ནས་མདོ་སྔགས་ཡོངས་སུ་རྫོགས་པའི་གཞུང་གི་གནད་དོན་མཐའ་དག་ལག་མཐིལ་གྱི་སྐྱུ་རུ་ར་བཞིན་དུ་གཟིགས་ཏེ་གང་ལའང་ཐོགས་པ་མེད་པར་མངའ་བའི་ཆོས་ཀྱི་བདག་པོར་གྱུར། པྲ་ཏི་འཇམ་དབྱངས་དཀར་པོ་ཞེས་མཚན་སྙན་ཡོངས་སུ་གྲགས། ཁོང་གི་གསུང་རྩོམ་ནི། བླང་དོར་རྣམ་པར་ཕྱེ་བའི་གཏམ་ཀུན་བཟང་ལམ་སྲོལ་དང་། དྲང་ངེས་ཟིན་བྲིས། ཏིང་འཛིན་སྒྲུབ་ཐབས་ཏིང་འཛིན་རྒྱན་གྱི་སྣང་བ། བྱང་ཆུང་ལམ་གྱི་ཉམས་ཁྲིད་བྱང་ཆུབ་རྒྱན་གྱི་ཕྲེང་བ། བསྟན་འབར་མའི་ཚིག་དོན་གསལ་བར་བྱེད་པའི་རྣམ་བཤད་ཐེག་མཆོག་རྒྱན་གྱི་ཕྲེང་བ། བོད་ཀྱི་བརྡའི་བསྟན་བཅོས་སུམ་ཅུ་བའི་འགྲེལ་བ་ཀུན་ཏུ་བཟང་པོའི་དགོངས་རྒྱན། རྟགས་འཇུག་བཤད་སྦྱར་ཚིགས་བཅད་མ། དག་ཡིག་སྨྲ་བའི་སྒྲོན་མེ། སྒྲའི་ང་རོ་འདྲེན་ཚུལ་རྨད་བྱུང་དོན་གྱི་བདུད་རྩིའི་རོ་འཛིན་པོད་གཅིག་བཅས་བཞུགས་སོ། །
ཞེས་མཉམ་འགྲོགས་རྣམས་ཀྱིས་ཁྱོད་རང་གིས་མཁས་དབང་འདིའི་ལོ་རྒྱུས་ཤིག་འབྲི་ཐུབ་ན། མ་འོངས་པའི་དགེ་ལུགས་རྒྱུགས་སྤྲོད་པ་རྣམས་ལ་ཕན་པར་འདུག་ཅེས་བསྐུལ་བར་བརྟེན། ལོ་གྲངས་དུ་མའི་བར་དུ་བཙལ་ཀྱང་འདིའི་ལོ་རྒྱུས་ཤིན་ཏུ་བསྡུས་པ་ཞིག་མ་གཏོགས་མ་རྙེད། ད་ལྟ་འཚོ་བཞིན་བཞུགས་པའི་སྐྱེས་ཆེན་དམ་པ་སེར་བྱེས་ལྷོ་བ་སྤྲུལ་སྐུ་ཆོས་ལྡན་རིན་པོ་ཆེ་དང་། པྲ་ཏི་དགེ་བཤེས་བྱམས་པ་ཆོས་འཕེལ་རྣམ་གཉིས་ལ་བཀའ་འདྲི་ཞུས་པ་དང་། ཁྱད་པར་དུ་ཡང་མཆོད་ལྡན་རིན་པོ་ཆེས། སེར་བྱེས་ལྷོ་པ་ཁང་ཚན་དུ། འཇམ་དབྱངས་དཀར་པོའི་རྗེས་གནང་སྩོལ་སྐབས། རིན་པོ་ཆེ་རང་གི་བླ་རྒྱུད་པྲ་ཏི་འཇམ་དབྱངས་དཀར་པོ་ནས་བར་མ་ཆད་པར་རྒྱུད་པ་ཡིན་པ་དང་། མཁས་དབང་འདི་ལ་འཇམ་དབྱངས་དཀར་པོ་ཞེས་བཏགས་པའི་རྒྱུ་མཚན་བཅས་བཀའ་སྩལ་གནང་བ་རྣམས་རང་གི་རྣ་ལམ་དུ་ཐོས་པ་བཞིན་འདིར་བཀོད་པ་མ་གཏོགས་ཁོ་བོས་རང་བཟོ་བྱས་པ་མ་ཡིན་ནོ། །
པྲ་ཏི་རིན་པོ་ཆེའི་མཛད་རྣམ་བསྡུས་པ་འདི་ནི་སྙན་བཟང་པ་ཀུན་བཟང་རྒྱལ་གྱི་རྟགས་ཀྱི་འཇུག་པའི་ཞིབ་འཇུག་ལས་བཏུས་ཏེ་བཀོད་པ་དགེའོ། །