ཞི་ཅིན་ཕིང་གིས་ཀྲུང་གོའི་མཐོ་རིམ་སྨན་པའི་དུས་ཆེན་ཐད་ནས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

རྩོམ་པ་པོ།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   ཡིག་བསྒྱུར།       དུས་ཚོད།   2018-08-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་མཐོ་རིམ་སྨན་པའི་དུས་ཆེན་སྐབས་དང་པོ་ཐོན་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས་བསྟན་དོན། དུས་ཡུན་རིང་བོའི་ཚུན་དུ། རང་རྒྱལ་གྱི་རྒྱ་ཆེའི་སྨན་བཅོས་མི་སྣས་ཏང་གི་འབོད་སྐུལ་དང་དུ་བླངས་ནས། ཚེ་སྲོག་ལ་བརྩི་བཀུར་སྲུང་སྐྱོབ་བྱེད་པ་དང་། སྲོག་སྐྱོབ་རྨས་གསོ་བྱེད་པ། བྱས་རྗེས་འཇོག་པ། བྱམས་བརྩེ་དབྱེར་མེད་ཀྱི་སྙིང་སྟོབས་དར་སྤེལ་བཏང་བ་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ཀྱི་བདེ་ཐང་ཐད་ཞབས་འདེགས་ཞུས་ལ། ནད་རིགས་སྔོན་འགོག་དང་སྨན་བཅོས་དང་། གསོ་རིག་ཐད་ཀྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ། གསོ་རིག་ཚན་རྩལ་འཕེལ་རྒྱས་སུ་གཏོང་བ་སོགས་ཕྱོགས་ནས་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་མ་ཟད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་དང་། གསོ་རིག་ཆེད་མཁས་པ་དང་མི་དམངས་ཀྱི་སྨན་པ་བཟང་བོ་སྐོར་ཞིག་བྱུང་། ལྷག་པར་དུ་འགོས་ནད་ཆེན་པོའི་ཉེན་ཁར་ཁ་གཏད་འཇལ་བ་དང་། རང་བྱུང་གནོད་འཚེ་ཆེན་པོར་ངོ་རྒོལ་བྱེད་སྐབས། རྒྱ་ཆེའི་སྨན་བཅོས་མི་སྣས་ཉེན་ཁར་མི་སྐྲག་པ་དང་ཕྱིར་བཤོལ་མི་བྱེད་པ། དཔའ་སྐྱེད་མདུན་སྐྱོད་དང་རང་དོར་གཞན་སྐྱོབ་བྱས་པས། སྤྱི་ཚོགས་ཡོངས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ། ལོ་རེའི་ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན་ཀྲུང་གོའི་མཐོ་རིམ་སྨན་པའི་དུས་ཆེན་དུ་གཏན་ཁེལ་བྱས་པ་དེས། ཏང་ཀྲུང་དབྱང་གིས་འཕྲོད་བསྟེན་བདེ་འཇགས་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་། རྒྱ་ཆེའི་སྨན་བཅོས་མི་སྣའི་ཕུལ་བྱུང་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱེད་ཀྱིན་ཡོད་པ་མཚོན་ཐུབ།

ཞི་ཅིན་ཕིང་གིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། སྤྱི་ཚོགས་ཡོངས་ཀྱིས་སྨན་བཅོས་མི་སྣར་སེམས་ཁུར་དང་གཅེས་སྤྲས་བྱས་ནས། སྨན་པར་བརྩི་བཀུར་དང་འཕྲོད་བསྟེན་ལ་མཐོང་ཆེན་བྱེད་པའི་སྣང་ཚུལ་བཟང་བོ་གྲུབ་དགོས། རྒྱ་ཆེའི་སྨན་བཅོས་མི་སྣས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་བྱེད་པ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱེད་པ། སྲོག་སྐྱོབ་ནད་བཅོས་ཀྱི་མི་ཆོས་རིང་ལུགས་སྙིང་སྟོབས་དར་སྤེལ་གཏོང་བ། སྔ་སྐྱོང་རྗེས་འཛིན་དང་མུ་མཐུད་འབད་བརྩོན་བྱས་ཏེ། མི་དམངས་ཀྱི་ལུས་ཁམས་བདེ་ཐང་ཐད་མུ་མཐུད་དེ་བྱས་རྗེས་གསར་བ་འཇོག་པ་དང་། བདེ་ཐང་ཀྲུང་གོའི་འཛུགས་སྐྲུན་ཐད་ལེའུ་གསར་བ་འབྲི་བ། ཧུར་ཐག་གིས་རང་རྒྱལ་གྱི་འཕྲོད་བསྟེན་བདེ་ཐང་ལས་དོན་ཐད་ཀྱི་རྣམ་པ་གསར་བ་སྐྲུན་དགོས་ཟེར།

ཟླ་བརྒྱད་པའི་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུང་ཁྲུན་ལན་པེ་ཅིན་གྲོང་ཁྱེར་ཧའེ་ཏེན་སྨན་ཁང་དུ་སོང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་འཕྲོད་བསྟེན་བདེ་ཐང་བྱ་བ་སྒྲུབ་མཁན་གྱི་དུས་ཆེན་ཐད་ཀྱི་སྨོན་འདུན་དང་ཐུགས་ཁུར་བརྒྱུད་སྒྲོག་བྱས་པ་དང་། ལས་གནས་སུ་ཡོད་པའི་སྨན་བཅོས་མི་སྣར་འཚམས་འདྲི་མཛད་པ་མ་ཟད་བཞུགས་མོལ་མཛད། མོས་བསྟན་དོན། ཀྲུང་གོའི་མཐོ་རིམ་སྨན་པའི་དུས་ཆེན་གཏན་ལ་ཕབས་པ་ནི་ཏང་དང་མི་དམངས་ཀྱིས་སྨན་བཅོས་མི་སྣར་བསྩལ་པའི་ཁྱད་དུ་འཕགས་པའི་གཟི་བརྗིད་ཡིན་པས། ཚང་མས་དེ་འགོ་ཚུགས་གསར་བ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྨན་པའི་ཀུན་སྤྱོད་ཇེ་ལེགས་སུ་གཏོང་བ་དང་བྱམས་སྙིང་རྗེ་ལྡན་པ། སྤུས་ལེགས་ཀྱི་ཞབས་ཕྱི་ལ་བརྟེན་ནས་མི་དམངས་ཀྱི་ལུས་ཁམས་ཇེ་བདེར་གཏོང་དགོས་ཟེར།

སྨན་བཅོས་མི་སྣའི་འཐུས་ཚབ་པ་ལྔས་བཞུགས་མོལ་བྱེད་སྐབས་གཏམ་བཤད་སྤེལ། རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་པེ་ཅིན་གྲོང་ཁྱེར་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན། སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་འཐུས་ཚབ་པ་བཅས་བཞུགས་མོལ་ཚོགས་འདུར་ཞུགས། །