ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་སུ་བྱེད་སྒོ་མང་པོ་སྤེལ་རྒྱུ་ཡོད།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-09-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པ་ནི་ཟླ་9པའི་ཚེས་12ཉིན་ནས་ཚེས་15ཉིན་གྱི་བར་དུ་བདེ་ཆེན་སེམས་ཀྱི་ཉི་ཟླར་སྤེལ་རྒྱུ་ཡིན་པ་དང་།  ཆབ་མདོ་དང་ཡུལ་ཤུལ།  དཀར་མཛེས།  བདེ་ཆེན་བཅས་ས་ཆ་བཞི་པོའི་མི་རིགས་སོ་སོའི་མང་ཚོགས་ཀྱིས་སེམས་ཀྱི་ཉི་ཟླར་ལྷན་དུ་འཛོམས་ནས་བྱེད་སྒོ་འདྲ་མིན་སྣ་ཚོགས་སྤེལ་རྒྱུ་རེད།


        ཟླ་9པའི་ཚེས་10ཉིན་ནས་ཟླ་10པའི་ཚེས་7ཉིན་གྱི་བར་དུ།   ཁྱད་ལྡན་ཐོན་རྫས་བཀྲམ་འཚོང་ཚོང་འདུས་དེ་སེམས་ཀྱི་ཉི་ཟླའི་བེ་ཤའི་གླིང་ཁུལ་དུ་སྤེལ་རྒྱུ་ཡིན་པ་དང་།  ཐེངས་འདིའི་བཀྲམ་འཚོང་ཚོང་འདུས་ནི་བདེ་ཆེན་དང་དཀར་མཛེས།  ཆབ་མདོ།  ཡུལ་ཤུལ་བཅས་ཀྱི་ཁུལ་དང་གྲོང་ཁྱེར་བཞིའི་ཏང་ཨུ་དང་སྲིད་གཞུང་གིས་གཙོ་སྒྲུབ་བྱེད་པ་དང་།   བདེ་ཆེན་ཐ་ན་ཁམས་ཁུལ་གྱི་ལོ་རྒྱུས་ཐོག་ཚད་གཞི་ཆེས་མཐོ་བ་དང་གཞི་ཁྱོན་ཆེས་ཆེ་བ།  དངོས་རྫས་ཀྱི་རིགས་ཆེས་མང་བ།  བཀྲམ་འཚོང་དུས་ཚོད་ཆེས་རིང་བའི་ཁྱད་ལྡན་ཐོན་རྫས་བཀྲམ་འཚོང་ཚོང་འདུས་ཐེངས་གཅིག་ཡིན།  དེ་ལ་བཤམ་གནས་392ཡོད་པ་དང་།  དེ་མིན་ད་དུང་རླང་འཁོར་བཀྲམ་འཚོང་ཚོང་འདུས་སྤེལ་རྒྱུ་རེད།


        ཟླ་9པའི་ཚེས་14ཉིན།  སེམས་ཀྱི་ཉི་ཟླའི་གེ་སར་རིག་གནས་མདའ་འཕེན་འགྲན་བསྡུར་དེ་སེམས་ཀྱི་ཉི་ཟླ་མི་རིགས་ལུས་རྩལ་ལྟེ་གནས་སུ་འགོ་ཚུགས་རྒྱུ་ཡིན་པ་དང་།  སྐབས་དེར་ཆབ་མདོ་དང་ཡུལ་ཤུལ།  དཀར་མཛེས།  བདེ་ཆེན་བཅས་ས་ཆ་བཞི་པོའི་འཐུས་མི་རུ་ཁག་གིས་མདའ་འཕེན་འགྲན་བསྡུར་ཞུགས་རྒྱུ་ཡིན།    དེ་མིན།  འགྲན་བསྡུར་གྱི་ཡུལ་དངོས་སུ་ད་དུང་པར་རིས་དང་ཡི་གེ་ཟུང་དུ་འབྲེལ་བའི་འགྲེམ་པར་གྱིས་རང་ཁུལ་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་རྣམ་གྲངས་དང་། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ།  ཁུལ་རིམ་པ་དང་རྫོང་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་དང་དམངས་ཁྲོད་ཀྱི་སྒྱུ་རྩལ་པ།   བདེ་ཆེན་ཁུལ་ནང་ཁོངས་ཀྱི་གེ་སར་མདའ་འཕེན་རུ་ཁག་དང་གེ་སར་རྟ་རྩལ་རུ་ཁག་སོགས་དྲིལ་བསྒྲགས་བྱ་རྒྱུ་རེད།

        ཟླ་9པའི་ཚེས་14ཉིན་གྱི་ཕྱི་དྲོར།  སྨུག་ཕྱི་ཐིག་ཞེས་པའི་སྦྲ་གུར་རོལ་དབྱངས་དུས་ཆེན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནག་ལྕོག་རི་བོའི་འདབས་སུ་སྤེལ་རྒྱུ་ཡིན་པ་དང་།    རོལ་དབྱངས་དུས་ཆེན་གྱི་སྐབས་སུ་བདེ་ཆེན་གྱིས་གླུ་ལེན་དང་དམངས་ཁྲོད་ཀྱི་པི་ཝང་འཐེན་པ་སོགས་ཀྱི་འཁྲབ་ཚན་12ལྷག་སྟོན་རྒྱུ་དང་།  ཁུལ་དང་གྲོང་ཁྱེར་གཞན་གྱིས་སོ་སོས་འཁྲབ་ཚན་3རེ་སྟོན་རྒྱུ།    སྐབས་དེར་ད་དུང་བཟའ་བཏུང་བཤམས་འཚོང་བྱེད་རྒྱུ་རེད།

        དེ་མིན།   ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་སུ་ད་དུང་མགྲོན་བསུ་དགོང་ཚོགས་དང་།   ཁུལ་དང་གྲོང་ཁྱེར་སོ་སོའི་ཆེད་དམིགས་རིག་རྩལ་འཁྲབ་སྟོན་སོགས་ཀྱི་རོལ་རྩལ་བྱེད་སྒོ་མང་པོ་ཡོད་རྒྱུ་ཡིན་པས་ཚང་མས་རེ་སྒུག་ཞུ་རོགས།