གླིང་གེ་སར་གྱི་མདའ་རྩལ་འགྲན་བསྡུར་སྐབས་དང་པོ་སེམས་ཀྱི་ཉི་ཟླ་ནས་བསྡུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-09-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

            སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་9པའི་ཚེས་14ཉིན་གྱི་སྔ་དྲོར།  ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པའི་སེམས་ཀྱི་ཉི་ཟླའི་གེ་སེར་མདའ་རྩལ་རིག་གནས་དུས་ཆེན་སེམས་ཀྱི་ཉི་ཟླ་མི་རིགས་ལུས་རྩལ་ལྟེ་གནས་ཀྱི་མདའ་རྩལ་ཐང་དུ་འགོ་ཚུགས་མཛད་སྒོ་འཚོགས་པ་རེད། གདན་ཞུས་ལྟར་ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པར་ཞུགས་པའི་ཡུན་ནན་དང་སི་ཁྲོན་བོད་ལྗོངས་མཚོ་སྔོན་བཅས་འབྲེལ་མཚམས་བོད་ཁུལ་གྱི་ཁུལ་གྲོང་ཁྱེར་གྱི་འགོ་ཁྲིད་དང་སྐུ་མགྲོན། རང་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་སོགས་འགྲན་བསྡུར་ལ་གཟིགས་པར་ཕེབས།

        འགོ་ཚུགས་མཛད་སྒོའི་ཐོག  གེ་སེར་རྒྱལ་པོ་དང་དཔའ་རྟུལ་རྣམས་ཀྱི་གྱོན་ཆས་སྤྲས་པའི་སྐྱ་མི་རྣམས་ཀྱིས་གོམ་པ་དལ་མོའི་ངང་འགྲན་རར་འཛུལ་ནས། གེ་སེར་རྒྱལ་པའི་དཔའ་བོའི་བརྗིད་ཉམས་དངོས་སུ་མངོན། བདེ་ཆེན་ཁུལ་དམངས་ཁྲོད་ཀྱི་གླིང་སྒྲུང་རྒྱུན་འཛིན་གྱི་འཁྲབ་སྟོན་པ་རྣམས་ཀྱིས་འཁྲབ་པའི་《གྲི་བཤད》《གེ་སེར་གྲི་བསྟོད།》《ཧོར་གླིང་གཡུལ་རྒྱལ》ནང་གི་དཔའ་བོ་ཨ་སྟག་ལྷ་མོ་དང་སྟག་གཟིག་ནོར་རྫོང་སོགས་ཀྱི་ལེ་ཚན་གྱིས་སྐུ་མགྲོན་རྣམས་པར་དངོས་མིན་རིག་གནས་ཤུལ་བཞག་གི་སྟོན་མོའི་ལེགས་སྐྱེས་ཤིག་འབུལ་ཡོད། དམངས་ཁྲོད་ཀྱི་དངོས་མིན་རིག་གནས་ཤུལ་བཞག་དང་གླིང་གེ་སེར་རིག་གནས་ཀྱི་སྒོ་ནས་བདེ་ཆེན་མངོན་མིན་ཤུལ་བཞག་གི་རིག་གནས་ཡུལ་སྲོལ་དང་《གླིང་སྒྲུང་》གི་དམངས་ཁྲོད་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་གྱི་ཐོན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དེ་ལེགས་པོ་མངོན་པར་བྱས་ཡོད

        ཐེངས་འདིའི་འགྲན་ཞུགས་རུ་ཁག་ནི་དཀར་མཛེས་ཁུལ་གྱི་འཐུས་མི་རུ་ཁག་དང་། ཆབ་མདོ་གྲོང་ཁྱེར་གྱི་འཐུས་མི་རུ་ཁག བདེ་ཆེན་ཁུལ་གྱི་འཐུས་མི་རུ་ཁག་དང་པོ་དང་བདེ་ཆེན་ཁུལ་གྱི་འཐུས་མི་རུ་ཁག་གཉིས་པ།བདེ་ཆེན་ཁུལ་གྱི་འཐུས་མི་རུ་ཁག་གསུམ་པ་བཅས་ཡིན། འགྲན་བསྡུར་ཁག་གསུམ་ཏུ་བགོས་ཡོད་དེ། མི་སྒེར་གྱི་མིང་རིམ་འགྲན་བསྡུར་དང་། མི་སྒེར་གྱི་ཀུན་ཐུབ་འགྲན་བསྡུར། ཚོགས་པའི་ཀུན་ཐུབ་འགྲན་བསྡུར་བཅས་གསུམ་ཡོད། བྱེད་སྒོ་དེའི་དམིགས་ཡུལ་གཙོ་བོ་ནི་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རིག་གནས་རྒྱུན་འཛིན་བྱེད་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་གྱི་སྙིང་སྟོབས་དར་སྤེར་གཏོང་བ། བོད་རིགས་ས་ཁུལ་གྱི་ལུས་རྩལ་རིག་གནས་ལ་ཕན་ཚུན་འབྲེལ་འདྲིས་བྱེད་པ་དང་། བོད་རིགས་ས་ཁུལ་གྱི་འཆམ་མཐུན་དང་འཕེལ་རྒྱས། བརྟན་བརླིང་གི་རྣམ་པ་གསར་བ་མཚོན་པ། སྣ་མང་ཕུན་སུམ་ཚོགས་པའི་སྲོལ་རྒྱུན་ལུས་རྩལ་བྱེད་སྒོ་གཉེར་བ་བརྒྱུད་ས་ཁོངས་རིག་གནས་ཀྱི་སྤུས་རྟགས་ཀྱི་ཤུགས་རྐྱེན་སྔར་བས་ཆེ་རུ་བཏང་བ་རེད།
        ཐེངས་འདིའི་འགྲན་བསྡུར་དུ་བདེ་ཆེན་ཁུལ་རུ་ཁག་གཉིས་པའི་ཨ་བཟང་ཚེ་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་རིག་འཛིན་རྡོ་རྗེ་ལ་བྱ་དགའ་ཨང་གཉིས་པ་ཐོབ་པ། བདེ་ཆེན་ཁུལ་རུ་ཁག་དང་པོའི་ཤེས་རབ་རྡོ་རྗེ་ལ་བྱ་དགའ་ཨང་གསུམ་པ་ཐོབ་པ། བྱ་དགའ་ཨང་བཞི་པ་ནས་ཨང་བརྒྱད་པ་ཐོབ་མཁན་བཀྲ་ཤིས་ཚེ་རིང་དང་ཐང་གོ་ཡོན། ཨུ་ཆེ་དང་བཀྲ་ཤིས་དོན་གྲུབ། ངག་དབང་བཅས་ཚང་མ་བདེ་ཆེན་ཁུལ་གྱི་འཐུས་མི་རུ་ཁག་གི་ཡིན། བདེ་ཆེན་ཁུལ་རུ་ཁག་དང་པོ་དང་བདེ་ཆེན་ཁུལ་རུ་ཁག་གཉིས་པ། བདེ་ཆེན་ཁུལ་རུ་ཁག་གསུམ་པ་ལ་ཚོགས་པའི་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་ནས་ཨང་གསུམ་སོ་སོར་ཐོབ་པ། དཀར་མཛེས་ཁུལ་གྱི་འཐུས་མི་རུ་ཁག་དང་ཆབ་མདོ་གྲོང་ཁྱེར་གྱི་འཐུས་མི་རུ་ཁག་ལ་ཕུལ་བྱུང་སྒྲིག་འཛུགས་ཀྱི་བྱ་དགའ་ཐོབ་པ་དང་། འགྲན་ཞུགས་རུ་ཁག་ལྔ་ཚང་མར་ལུས་རྩལ་ཀུན་སྤྱོད་དར་སྲོལ་གྱི་བྱ་དགའ་ཐོབ་པ་རེད།