རྫ་ཆས་ནག་པོར་བརྟེན་ནས་ཕྱུག་འགྱུར་ལམ་དུ་བསྐྱོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-09-18   རྩོམ་ཁུངས།    མི་དམངས་དྲ་བ།

        ཐང་སྟོད་ནི་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་30ཙམ་ཡོད་པའི་གྲོང་ཚོ་ཆུང་ངུ་ཞིག་ཏུ་ཆགས་ཤིང་ཉི་ཤར་ཤང་ཐང་སྨད་གྲོང་ཚོའི་ཁོངས་སུ་གཏོགས།ས་ཆ་དེ་ནི་དེ་སྔ་ཇ་རྟའི་ཚོང་ལམ་གྱི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད།སྐབས་དེར་གྲོང་ཚོ་ནས་འདམ་བག་རྫི་བའི་སྒྲ་ཡང་ཡང་གྲགས་འོང་བ་དང་།གྲོང་ཚོའི་དུད་ཚང་མང་ཆེ་བས་རྫ་ཆས་ནག་པོ་བཟོ་ཡི་ཡོད།

        ཇ་རྟའི་ཚོང་ལམ་གྱི་འགག་ལམ་དུ་གནས་པའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་སྔོན་ཆད་ཞིང་འབྲོག་ལས་གཙོ་བོར་བྱེད་པའི་རི་ཁུལ་གྱི་ཤང་དབུལ་པོ་ཞིག་རེད།ད་ཆ་གྲོང་ཚོར་སྐྱོད་སྐབས་བོད་བཟོའི་ཁང་བཟང་གྲལ་སྟར་འགྲིག་པོར་ཆགས་པ་དང་ཞིང་ཁྱིམ་གྱི་ཐོག་ཁར་བཙུགས་པའི་ཏང་དར་ལྷབ་ལྷུབ་ཏུ་གཡོ་བས་མི་རྣམས་ངར་ཤུགས་འཕེལ་བ་ཞིག་ཡོད་པ་དང་། གྲོང་ཚོའི་ཕྱོགས་གང་ས་ཅི་ཐད་ནས་ཞི་མཐུན་དང་བདེ་སྐྱིད་ལྡན་པའི་རྣམ་པ་ཞིག་ངམ་ངམ་ཤུགས་ཀྱིས་འཆར་འོང་།རྫ་ཆས་ནག་པོའི་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ་ཆོས་འཕེལ་ཚེ་སྒྲུབ་དང་བཟོ་པ་ཁག་གཅིག་ཁ་ཁུ་སིམ་པོར་ལས་ཀ་བྱེད་བཞིན་འདུགའདི་ལོ་ལོ་30ལ་སླེབས་པའི་ཆོས་འཕེལ་ཚེ་སྒྲུབ་ནི་ཉི་ཤར་ཤང་རྫ་ཆས་ནག་པོའི་ལག་ཤེས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཡིན་པ་དང་རྫ་ཆས་བཟོས་ནས་ད་བར་ལོ་17ཙམ་འགྲོ་ཡི་ཡོད།

        ཆོས་འཕེལ་ཚེ་སྒྲུབ་ཀྱི་སྤོ་བོ་བསོད་ནམས་ཚེ་རིང་ནི་ཡུལ་དེར་སྐད་གྲགས་ཡོད་པའི་རྫ་མཁན་ཞིག་ཡིན་པ་དང་།ཁོང་གིས་རྫ་ཆས་བཟོས་ནས་ལོ་40ལྷག་ཙམ་འགྲོ་ཡི་ཡོད་པ་དང་སྔ་རྗེས་སུ་བོད་རིགས་ས་ཁུལ་གྱི་ས་ཕྱོགས་ཁག་ནས་དགེ་ཕྲུག་20ལྷག་ཙམ་གསོ་སྐྱོང་བྱས་ཡོད། སྤོ་བོའི་ཤུགས་རྐྱེན་བཟང་པོའི་འོག་ཆོས་འཕེལ་ཚེ་སྒྲུབ་ལོ་12ནས་བཟུང་རྫ་ཆས་ནག་པོ་བཟོ་བའི་འགོ་བརྩམས་པ་དང་སྲོལ་རྒྱུན་གྱི་རྨང་གཞིའི་ཐོག་བྱེད་ཐབས་གསར་པ་དང་བཟོ་རྩལ་གསར་པ་ཚོད་ལྟ་བྱས་པ་མ་ཟད། རྫ་ཆས་བཟོ་རྩལ་གསར་སྤེལ་བྱས་ཏེ་རྫ་ཆས་ཀྱི་སྣེ་ཁ་ཁྱིམ་གྱི་མཁོ་ཆས་ཁོ་ན་བཟོ་བ་ནས་མཆོད་རྫས་དང་འཚོ་བའི་མཁོ་ཆས་སོགས་བར་འཕེལ་རྒྱས་བཏང་བ་རེད།  2015ལོར་གྲོང་ཚོའི་ཏང་ཀྲི་པུའི་སྣེ་ཁྲིད་དང་རོགས་རམ་འོག་ཏང་ཡོན་ཆོས་འཕེལ་ཚེ་སྒྲུབ་ཀྱིས་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་གྱི་ཉི་ཤར་རྫ་ཆས་ནག་པོ་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། མཉམ་ལས་ཁང་གིས་ཉི་ཤར་གྱི་རྫ་ཆས་ནག་པོ་དང་དེ་བཞིན་རྫ་ཆས་ནག་པོའི་སྣེ་ཁ་གསར་པ་གཙོ་གནད་བཟོ་ཡི་ཡོད། “ཀྲི་པུས་སྣེ་ཁྲིད་པ་དང་། ཏང་ཡོན་གྱིས་སྣེ་ཁྲིད་པ། མང་ཚོགས་ཞུགས་པ། རང་མོས་ཟུང་འབྲེལ”བཅས་བརྒྱུད་ཏང་རྩ་འཛུགས་ཀྱིས་གཙོ་བོ་བྱས་པའི“གྲོང་ཚོའི་སྤྱི་ཁྱབ་ཀྲི་པུའུ་དང་། ཏང་ཀྲི་པུའུ། མཉམ་ལས་ཁང་། ཏང་ཡོན། མང་ཚོགས”བཅས་ཀྱི་མ་རྐང་མཉམ་ལས་ཀྱི་དཔལ་འབྱོར་འཁོར་རྒྱུག་བྱེད་སྟངས་བཏོད་པས་ཡུལ་དེའི་གྲོང་མི་ཚོའི་ཧུར་སེམས་སྐོང་འཐེན་གང་ལེགས་ཐུབ་སྟེ་ཁོང་ཚོ་ཚང་མ་དེར་ཞུགས་པ་དང་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་བྱུང་ནས་རྫ་ཆས་ནག་པོའི་ཐོན་ལས་རིམ་བཞིན་སྟོབས་ཆེར་གྱུར་ཡོད།

         དེ་སྔ་ཐང་སྨད་གྲོང་ཚོས་བཟོས་པའི་རྫ་ཆས་ནག་པོ་ཚང་མ་ནི་གྲོང་ཚོའི་ཞིང་དུད་སོ་སོས་བཟོ་ཡི་ཡོད་པས་གཞི་ཁྱོན་ཅན་དུ་འགྱུར་དཀའ་ལ་དཔལ་འབྱོར་གྱི་ཕན་འབྲས་ཀྱང་དམའ་པོ་ཡོད། དེར་བརྟེན་གྲོང་ཚོའི་གཞོན་ནུ་མང་པོ་ཞིག་ཕྱིར་ཨར་པོ་རྒྱུག་པར་ཕྱིན་པས། རྫ་ཆས་ནག་པོའི་ལག་ཤེས་ཀྱི་རྒྱུན་ཆད་ལ་ཁད་དུ་གྱུར།

        སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ལས་རིགས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་བསྟུན་རྫ་ཆས་ནག་པོར་ཡུལ་སྐོར་བའི་དགའ་བསུ་རིམ་གྱིས་ཐོབ་ནས་ཉོ་མཁན་མང་དུ་ཕྱིན་པ་དང་སྦྲགས། རྫ་ཆས་ནག་པོའི་རིན་ཐང་ཡང་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་དང་། ཨར་པོ་རྒྱུག་པར་འགྲོ་མཁན་གྱི་གཞོན་ནུ་ཚོ་ཡང་གྲོང་ཚོར་སྔ་རྗེས་སུ་ལོག་ནས་རྫ་ཆས་ནག་པོའི་ལག་ཤེས་ཁྱབ་གདལ་གཏོང་འགོ་ཚུགས། ཆོས་འཕེལ་ཚེ་སྒྲུབ་ཀྱིས་རིན་མི་དགོས་པར་མང་ཚོགས་ལ་མཛུབ་ཁྲིད་དང་གསོ་སྦྱོང་བྱེད་ཀྱི་ཡོད་པས་མི་མང་པོ་ཞིག་གིས་རྫ་ཆས་ནག་པོ་བཟོ་སྟངས་ཤེས་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱུང་ཡོད་པ་རེད།

        ད་ཆ་ཁྲོམ་རའི་དགོས་མཁོ་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་དང་བསྟུན་ནས་རྫ་ནག་གི་སྒྲིག་ཆས་དང་ཡུལ་སྐོར་ཐོན་རྫས་རིགས་80ལྷག་བར་མང་དུ་ཕྱིན་པ་དང་རྫ་ཆས་བཟོ་རྩལ་ཡང་རིམ་གྱིས་ལེགས་སུ་ཕྱིན་ཡོད། ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་དང་། བདེ་ཆེན། ས་དམ་བཅས་དང་། བོད་རང་སྐྱོང་ལྗོངས་ཀྱི་སྨར་ཁམས་དང་མཛོ་སྒང་། སི་ཁྲོན་ཞིང་ཆེན་གྱི་འདབ་པ་དང་སྡེ་རོང་སོགས་བོད་རིགས་འདུས་སྡོད་ཁུལ་དུ་བྲིན་ཁ་རྒྱུག་པ་ཕུད། ཉི་ཤར་གྱི་རྫ་ཆས་ལ་རྒྱལ་ནང་གི་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་ཏུའང་དགའ་བསུ་ཐོབ་པ་མ་ཟད། ཐ་ན་ཕྱི་རྒྱལ་དུའང་འཚོང་གི་ཡོད་པ་རེད།

       “ད་ཆ་གྲོང་མིའི་ཁྱིམ་ཚང་གི་ལོའི་ཡོང་འབབ་སྔོན་ཆད་ཀྱི་སྒོར་བརྒྱ་དང་སྟོང་ནས་ད་ཆའི་ཁྲི་དང་ཐ་ན་ཁྲི་བཅུ་ཕྲག་བར་མང་དུ་ཕྱིན་ནས་འཚོ་བ་སྔར་བས་ལེགས་སུ་ཕྱིན་པ་མ་ཟད། རྫ་ཆས་ནག་པོ་ཐང་སྨད་གྲོང་ཚོའི་གྲོང་མིའི་འབབ་འཕར་ཕྱུག་འགྱུར་གྱིགསེར་ཕོརདུ་གྱུར་ཡོདཅེས་ཐང་སྨད་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་འགན་འཁུར་བས་བཤད།