ཆེས་གུས་པར་འོས་པའི་མི་ལ་བསྟོད་པའི་མཐེ་བོང་བསྒྲེངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-10-08   རྩོམ་ཁུངས།   

ལོ་རེའི་ཐེངས་གཅིག་གི་རྒྱལ་སྟོན་དུས་ཆེན་རིང་།མི་མང་ཆེ་བ་ལ་མཚོན་ན་ཆེས་རིང་བའི་གུང་གསེང་གི་ཉིན་མོ་སྟེ།ཕྱི་རུ་ཡུལ་སྐོར་དུ་འགྲོ་བའམ་ཡང་ན་ཁྱིམ་ནས་ངལ་གསོ་བྱེད་བཞིན་ཡོད།འོན་ཀྱང་མི་ཁག་གཅིག་གིས་ཀུན་གྱི་འཚོ་བ་ལ་ཞབས་ཞུ་དང་སྟབས་བདེ་གཏོང་ཆེད།རང་གི་ལས་གནས་སུ་རང་ནུས་ཅི་ལྕོག་སྒོས་ཞབས་ཞུ་གང་ལེགས་བྱེད་བཞིན་ཡོད།ཁོང་ཚོ་ནི་འཇིག་རྟེན་འདིར་ཆེས་གུས་པར་འོས་པའི་མི་ཡིན་པས།ང་ཚོས་ཁོང་ཚོ་ལ་བསྟོད་པའི་མཐེ་བོང་བསྒྲེངས།

མྱུར་སྐྱེལ་སྦྲག་པ།ཁྱེད་ཚོའི་གདོང་གི་འཛུམ་མདངས་ནི་ངའི་ལས་ཀའི་སྒུལ་ཤུགས་ཡིན།

འདི་ནི་ཁྱེད་ཉིད་ཀྱི་དངོས་པོ་ཡིན།ལེན་རོགས་གནང་།ཞེས་ཟླ10པའི་ཚེས་3ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་ཡས་མས་སུ་མྱུར་སྐྱེལ་མཁན་ལི་ཧྲུའུ་ཀུན་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཤམ་བྷ་ལའི་གྲོང་རྡལ་ཆུང་ངུའི་པདྨ་གླིང་ཀའི་སྒོ་འགྲམ་དུ་མྱུར་སྐྱེལ་རླབས་འཁོར་ནས་མྱུར་སྐྱེལ་དངོས་པོ་བླངས་ནས་ཉོ་མཁན་གྱི་ལག་ཏུ་སྤྲད།འདི་ནི་ཁོ་རང་དེ་རིང་བསྐྱལ་བའི་དངོས་པོ་བརྒྱད་པ་ཡིན་པ་རེད།ཁོང་གིས་དུས་རྒྱུན་དུ་དུས་ཚོད་8ནས་མྱུར་སྐྱེལ་དངོས་པོ་སྐྱེལ་བཞིན་ཡོད་པ་དང་།དུས་ཆེན་སྐབས་སུའང་གཅིག་འདྲ་ཡིན་ཟེར།

ལི་ཧྲུའུ་ཀུན་ནི་འབའ་ལུང་རྫོང་གི་མི་ཡིན་པ་དང་།ད་ལོར་ལོ་36ལ་སླེབས་ཡོད།ཁོང་གིས་མྱུར་སྐྱེལ་གྱི་ལས་ཀ་ལས་ནས་ལོ་3ལྷག་འགོར་ཡོད།ལོ་འདི་དག་གི་རིང་སེམས་ཀྱི་ཉི་ཟླའི་ཆེ་མ་ཆུང་གསུམ་གྱི་སྲང་ལམ་དུ་ཡར་རྒྱུག་མར་རྒྱུག་བྱེད་བཞིན་ཡོད།བྲེལ་འཚུབ་ཆེ་བའི་སྐབས་སུ་ཉིན་རེར་དུས་ཚོད་བཅུ་ལྷག་ལའང་ལས་ཀ་ལས་དགོས།འོན་ཀྱང་དངོས་རྫས་དག་འཐུས་ཚང་སྒོས་ཉོ་མཁན་གྱི་ལག་ཏུ་འབྱོར་རྗེས་ཁོ་ཚོའི་གདོང་གི་འཛུམ་མདངས་ནི་ཁོང་ལ་མཚོན་ན་ཆེས་བཟང་པའི་གྲུབ་འབྲས་ཡིན་ཞེས་བཤད་བྱུང་།

འཐུང་ཆུ་སྐྱེལ་མཁན།འཐུང་ཆུ་དམ་བུ་རེ་རེ་ནི་དཀའ་སྤྱད་ཀྱི་རྔུལ་ཆུ་དང་ཟུང་དུ་བྲེལ།

ཟླ10པའི་ཚེས2ཉིན།བློ་བཟང་ཉི་མས་སྔ་མོ་ནས་ཀུང་སིར་ཕེབས་ནས།ཉིན་གཅིག་གི་ལས་ཀ་ལས་འགོ་བརྩམས།སྔ་དྲོའི་དུས་ཚོད་བརྒྱད་ཡས་མས་སུ་བློ་བཟང་ཉི་མས་འཐུང་ཆུ་དམ་བུ་རེ་རེ་རང་གི་རླངས་འཁོར་ནང་སྒྲིག་བཞིན་འདུག

ལོ་ན་24སོན་པའི་བློ་བཟང་ཉི་མས་འཐུང་ཆུ་སྐྱེལ་བའི་ལས་ཀ་གཉེར་ནས་ལོ་གཉིས་ལས་འགོར་མེད་རུང་།ལོ་གཉིས་རིང་ཉིན་རྒྱུན་རང་གི་ལས་ལ་བྲེལ།བློ་བཟང་ཉི་མས་བཤད་རྒྱུར།ང་ཚོ་ནང་བཞིན་ཞབས་ཞུའི་ལས་རིགས་སྒྲུབ་མཁན་གྱིས་དུས་ཆེན་གྱི་སྐབས་སུ་དེ་བས་བྲེལ་བ་ཆེན་པོ་འདུག ངའི་ལས་ཀ་འདི་གཞན་དང་བསྡུར་ན་ཅུང་དཀའ་ཁག་ཆེ་མོད།འོན་ཀྱང་རང་གི་ཕ་མ་དང་བཟའ་ཟླས་རྒྱབ་སྐྱོར་བྱེད་བཞིན་ཡོད་པས།ཕ་མ་དང་བཟའ་ཟླ་ལ་བཀའ་དྲིན་ཆེ་ཞུ་དགོས།དུས་ཆེན་རིང་ཁྱིམ་མི་དང་མཉམ་དུ་འདུག་མི་ཐུབ་པས་སེམས་ནས་ཅུང་མི་གཟོད་པ་ཞིག་རེད་ཅེས་བཤད་བྱུང་།

གླ་གཏོང་རླངས་འཁོར་གྱི་ཁ་ལོ་བ།གནས་གཅེས་ལས་བརྩོན་ནི་དཀའ་སྡུག་ལ་མི་སྐྲག་པ་ཡིན།

ཟླ10པའི་ཚེས1ཉིན།ཁ་ལོ་བ་ཀྲང་པིན་གྱིས་རླངས་འཁོར་གཙང་སྤྲ་ལེགས་པོ་བྱས་ནས་འགྲུལ་སྐྱེལ་བྱེད་འགོ་བརྩམས།དེ་རིང་ནི་ཁོང་ཉིད་འགྲུལ་སྐྱེལ་རླངས་འཁོར་གཏོང་ནས་རྒྱལ་སྟོན་དུས་ཆེན་རོལ་བའི་ལོ་བརྒྱད་པ་ཡིན།དུས་རྒྱུན་དང་ཁྱད་པར་ཅུང་ཙམ་ཡང་མེད་པར།རྒྱུན་ལྡན་ལྟར་ལས་ལ་བྲེལ།

ཀྲང་པིན་གྱིས་རྒྱལ་སྟོན་དུས་ཆེན་རིང་ཡུལ་སྐོར་བ་མང་བས།འགྲུལ་སྐྱེལ་བྱས་ན་ཁེ་ཕོགས་ཡང་བཟང་།གཞན་སྲིད་གཞུང་གིས་ལོ་རེར་གླ་གཏོང་རླངས་འཁོར་གཏོང་མཁན་ལ་ཁ་གསབ་མ་དངུལ་ཡང་གནང་པས།ང་ཚོ་ཞབས་ཞུའི་ལས་རིགས་སྒྲུབ་མཁན་གྱིས་རང་ནུས་གང་ཡོད་ཀྱིས་རང་གི་ལས་ཀ་ལེགས་པོ་སྒྲུབ་ན་བཟང་།ཁོང་ཉིད་དུས་རྒྱུན་དུ་རླངས་འཁོར་གཏོང་པས་སྐེད་པ་ན་བ་སོགས་ཀྱི་ལས་རིགས་ནད་བྱུང་འདུག འོན་ཀྱང་དཀའ་སྡུག་གི་རྔུལ་ཆུ་གཏོང་མི་དགོས་པའི་ལས་རིགས་གཅིག་ཀྱང་མེད།འདི་ནི་འཚོ་བ་ཡིན་ཞེས་ངོ་ལ་འཛུམ་མདངས་དང་བཅས་བཤད་བྱུང་།