བོད་ཀྱི་གསོ་བ་རིག་པའི་སྨན་རྫས་ངོས་འཛིན་གྱི་མཐོ་རིམ་གསོ་སྦྱོང་འཛིན་གྲྭ་ཟི་ལིང་དུ་བསྡུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-10-12   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།


        ཟླ10བའི་ཚེས11ཉིན་གྱི་སྔ་དྲོར། འཛམ་གླིང་ཀྲུང་མཐུན་བོད་ལུགས་གསོ་རིག་ཆེད་ལས་ལྷན་ཚོགས་ཀྱིས་གཙོ་སྒྲུབ་དང་། འཇིགས་མེད་བོད་གསོ་སྨན་ཁང་གིས་རོགས་སྒྲུབ་བྱས་པའི་བོད་ཀྱི་གསོ་བ་རིག་པའི་སྨན་རྫས་ངོས་འཛིན་གྱི་མཐོ་རིམ་གསོ་སྦྱོང་འཛིན་གྲྭ་འགོ་ཚུགས་པའི་མཛད་སྒོ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་འཇིགས་མེད་བོད་གསོ་སྨན་ཁང་དུ་བསྡུས།མཛད་སྒོའི་སྟེང་འཛམ་གླིང་ཀྲུང་མཐུན་བོད་ལུགས་གསོ་རིག་ཆེད་ལས་ལྷན་ཚོགས་ཀྱི་ཚོགས་གཙོ་འཇིགས་མེད་ཕུན་ཚོགས་ལགས་ཀྱིས་གསུང་བཤད་གནང་།

        ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་སྒྲུབ་པའི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་གསོ་རིག་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་བྱེད་པ་དང་།ཁྱད་པར་དུ་བོད་ལུགས་གསོ་བ་རིག་པའི་སྨན་རྫས་རིག་པའི་གཞུང་ལུགས་ཤེས་བྱ་དང་ངོས་འཛིན་ལག་ལེན་གཉིས་ཀའི་ཆུ་ཚད་མཐོར་འདེགས་ཀྱི་ཆེད་དུ་ཡིན།  གཞན་ཡང་དེང་གི་ཆར་བོད་ཀྱི་གསོ་བ་རིག་པའི་འཕེལ་རྒྱས་ཁྲོད་འཕྲད་པའི་གནད་དོན་ཏེ།ཚོང་རའི་དཔལ་འབྱོར་གྱི་ཤུགས་རྐྱེན་གྱིས་མདོ་དབུས་ཁམས་གསུམ་དུ་བོད་སྨན་གྱི་སྨན་རྫས་ལ་ངོས་འཛིན་གཅིག་གྱུར་མིན་པའི་གནད་དོན་དང་།སྨན་རྫས་རྫུན་བཟོའི་ལག་རྩལ་དར་ཆེས་པས་ལག་ལེན་ཁྲོད་དུ་སྨན་རྫས་དངོས་མ་ངོས་འཛིན་བྱེད་པའི་ཉམས་མྱོང་ཞན་པ། དངོས་རྫུན་གྱི་དབྱེ་འབྱེད་གསལ་བོ་མེད་པར་སྨན་སྦྱོར་ལག་ལེན་བྱེད་པའང་མང་དུ་མཆིས་པས། གནད་དོན་དེ་དག་ལ་ཆེད་དུ་དམིགས་ནས་ཆེད་ཞུས་ཀྱིས་གཞུང་ལུགས་སློབ་ཁྲིད་དང་ངོས་འཛིན་དམར་ཁྲིད་ཉིས་འཛོམས་ཀྱིས་གསོ་སྦྱོང་བྱ་འགུལ་འདི་སྤེལ་བ་རེད།

        ཐེངས་འདིའི་གསོ་སྦྱོང་གི་དུས་ཡིན་ཉིན་ལྔ་ཡིན་ལ། གཙོ་བོ་དགེ་རྒན་དགའ་བའི་རྡོ་རྗེ་མཆོག་གིས་བརྩམས་པའི《སྨན་གྱི་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང》ཞེས་པའི་དཔེ་དེབ་གཞིར་བྱས་ཐོག  བོད་ལུགས་གསོ་རིག་གི་སྨན་རྫས་རིག་པའི་གཞུང་ལུགས་དང་སྨན་རྫས་ངོས་འཛིན་བྱེད་ལུགས། ཁྱད་པར་དུ་ཁོང་གིས་ལོ་ངོ་སུམ་ཅུ་ལྷག་གི་ལག་ལེན་བརྒྱུད་པའི་ཉམས་མྱོང་དམིགས་སུ་བཟུང་ནས་སློབ་མ་རྣམས་ལ་གཞུང་ལུགས་སློབ་ཁྲིད་དང་སྨན་རྫས་ངོ་སྤྲོད་བྱ་རྒྱུ་མ་ཟད། དེང་རབས་ཀྱི་སློབ་ཁྲིད་བྱེད་སྟངས་བརྒྱུད་ནས་སློབ་ཁྲིད་ཀྱི་སྦྱོར་དངོས་རྗེས་གསུམ་ཁ་ཚང་བརྙན་ལམ་སྟེང་ཐད་གཏོང་བྱས་ཏེ་སློབ་མ་ཡོངས་ལ་དངོས་སུ་མཐོང་ཐུབ་པར་བྱ་རྒྱུ་རེད།

        《སྨན་གྱི་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོངཞེས་པ་འདི་ནི་དགེ་རྒན་དགའ་བའི་རྡོ་རྗེ་མཆོག་གིས་དེའུ་དམར་པཎ་ཆེན་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་སྨན་གཞུངདྲི་མེད་ཤེལ་ཕྲེངགི་དགོངས་པ་གཞིར་བྱས་ཐོག་བོད་ལུགས་གསོ་རིག་གི་སྨན་གཞུང་མང་པོ་དང་། དེང་དུས་རྒྱལ་ཕྱི་ནང་གི་གཏེར་དངོས་དང་། རྩི་ཤིང་། སྲོག་ཆགས་བཅས་རིག་པ་ཆེན་པོ་གསུམ་གྱི་དཔྱད་གཞི་མང་པོར་དཔྱད་བསྡུར་དང་། འབྲེལ་ཡོད་ཆེད་མཁས་མང་པོས་ཞིབ་དག་གསལ་འབྱེད་བྱས་ནས་ལུང་རིགས་དངོས་གསུམ་སྦྲགས་ཏེ་ཞིབ་འཇུག་བྱས་པ་དང་ཉེ་བའི་ལོ་ཤས་རིང་ཡང་ནས་བསྐྱར་དུ་དཔྱད་པ་གསུམ་གྱིས་འཕྲི་སྣོན་བཅོས་གསུམ་བྱས་ནས་གྲུབ་པ་ཞིག་རེད། འདི་ནི་དུས་རབས་གསར་པའི་འཁྲུངས་དཔེའི་ཁྲོད་རྒྱས་བསྡུས་རན་ཞིང་། ཚད་དང་ལྡན་པ། ཁ་གསལ་བ། དུས་བབ་དང་མཐུན་པ་བཅས་ཀྱི་ཁྱད་ཆོས་ལྡན་པ་རེད། ནང་དོན་ལ་གཏེར་དངོས་དང་། རྩི་ཤིང་། སྲོག་ཆགས་བཅས་ལས་བྱུང་བའི་སྨན་རྫས་རིགས་སུམ་སྟོང་ལྔ་བཅུ་ལྷག་ཙམ་འཚོལ་བསྡུ་བྱས་ཡོད་ལ། དེ་རྣམས་བོད་དང་། རྒྱ། ལ་ཏིང་ནམ་རྒྱལ་སྤྱིའི་ཐ་སྙད་བཅས་ཡིག་རིགས་གསུམ་ཤན་སྦྱར་བྱས་ནས་བཀོད་ཡོད། དེ་མིན་སྨན་རྫས་དེ་དག་གི་སྐྱེ་ས་དང་། ཐོན་ཡུལ། དབྱིབས། ཁ་དོག མིང་གི་རྣམ་གྲངས། རོ་ནུས་ཞུ་རྗེས་བཅས་རྒྱས་པར་ངོ་སྤྲོད་བྱས་ཡོད་པ་མ་ཟད་སྨན་རྫས་དགུ་བརྒྱ་ཙམ་གྱི་དངོས་དཔེ་དཔར་རིས་ཚོན་ཁྲ་ཅན་ཟུར་བཀོད་བྱས་ཡོད། དེ་བས་འཁྲུངས་དཔེ་འདི་ནི་བོད་ཀྱི་གསོ་བ་རིག་པའི་བློ་གསལ་ལས་དང་པོ་རྣམས་ལ་སྨན་རྫས་ངོ་སྤྲོད་དང་། དམར་ཁྲིད་བྱེད་པའི་སློབ་གཞི་དང་། སྨན་རྫས་ཞིབ་འཇུག་པ་རྣམས་ཀྱི་ཁུངས་ཐུབ་ཚད་ལྡན་གྱི་དཔྱད་གཞི་གཙོ་བོ་ཞིག་ཏུ་གྱུར་ཡོད། 


གཙོ་ཁྲིད་དགེ་རྒན་དགའ་བའི་རྡོ་རྗེ་ངོ་སྤྲོད།

        མཁས་དབང་དགའ་བའི་རྡོ་རྗེ་མཆོག་ནི་རབ་བྱུང་བཅུ་དྲུག་པའི་ལྕགས་སྟག་སྟེ་སྤྱི་ལོ1950ལོར་མདོ་སྟོད་ནང་ཆེན་དུ་སྨན་པའི་ཁྱིམ་རྒྱུད་ཅིག་ཏུ་སྐུ་འཁྲུངས། ཡབ་འཕྲིན་ལས་དཔལ་བཟང་དང་། ར་མ་ལྷ་རྗེ་བསོད་ནམས་ལྷ་རྒྱལ། ཁྲོ་རུ་ཚེ་རྣམ་རིན་པོ་ཆེ། ཐུབ་བསྟན་ཚེ་རིང་། གོ་འཇོ་དབང་འདུས་སོགས་མཁས་དབང་དུ་མ་ལས་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་གསོ་བ་རིག་པའི་གཞུང་དང་ལག་ལེན་ལ་སློབ་གཉེར་མཛད། སྔ་ཕྱིར་སྟེང་ཆེན་རྫོང་ཞེ་གཞུང་ཤང་གི་རྐང་རྗེན་སྨན་པ་དང་། ཆབ་མདོ་ས་ཁུལ་མི་དམངས་སྨན་ཁང་བོད་སྨན་ཚན་ཁག་གི་ཁོ་ཀྲང་གཞོན་པ། ཆབ་མདོ་ས་ཁུལ་སྨན་རྩིས་ཁང་གི་ཡོན་ཀྲང་གཞོན་པ། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་སློབ་དོན་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་དང་སྨན་རྫས་དངོས་དཔེ་ལྟེ་གནས་ཀྱི་ཀྲུའུ་རེན་བཅས་ཀྱི་འགན་བཞེས།

        རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་ཞིག་ཡིན་པའི་ངོས་ནས་རྗེས་རབས་སློབ་མ་གྲངས་ལས་འདས་པར་སྨན་རྫས་ངོས་འཛིན་དང་དངུལ་ཆུ་བཙོ་བཀྲུ་ཆེན་མོ་སོགས་སྨན་རྫས་འདུལ་སྦྱོང་གི་གཞུང་དང་ལག་ལེན་ཟུང་དུ་སྦྲེལ་ནས་སློབ་ཁྲིད་གནང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ནང་སྨན་རྫས་དངོས་དཔེ་ཁང་སྔར་ན་མེད་པ་ཞིག་བསྐྲུན། ཁྱད་པར་དུ་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་མཛད་དེ་སྨན་རྫས་ངོས་འཛིན་ཐད་མཛད་རྗེས་བླ་ན་མེད་པ་བཞག་པ་མ་ཟད། འབྲེལ་ཡོད་ཚིག་མཛོད་ཁག་ལའང་ལེགས་སྐྱེས་མཆོག་ཏུ་གྱུར་པ་ཕུལ་ཡོད་པའོ། །