འཇོལ་རྫོང་གིས་རྒུན་འབྲུམ་བཙུགས་ནས་ཕྱུག་པོར་གྱུར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-10-14   རྩོམ་ཁུངས།   

    ཟླ10པའི་ཟླ་མགོའི་ཞོགས་པར།   འཇོལ་རྫོང་ཡུན་ལིང་ཤང་བསོད་ནམས་གྲོང་དུ།  ཉི་མ་དབང་མོས་རྒུན་འབྲུམ་བཏུབ་བཞིན་ཡོད་ལ།  ཉིན་གུང་གྲོང་ཁའི་ཉོ་སྒྲུབ་བྱེད་སར་འཚོང་བར་འགྲོ་རྒྱུ་རེད།

    སྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་བཟུང་།   འཇོལ་རྫོང་གིས་ཐོན་ལས་དར་འཕེལ་གྱི་གོ་རིམ་ཁྲོད་དུ་རྒྱུན་མི་ཆད་པར་ཉམས་ཞིབ་བྱས་པ་དང་།  རྒུན་འབྲུམ་གྱི་ཐོན་ལས་དམ་འཛིན་བྱས་ནས་མང་ཚོགས་ཕྱུག་པོར་འགྱུར་བའི་ཐོན་ལས་སུ་བཞེངས་སྐྲུན་བྱས་ཏེ།  འཛམ་གླིང་གི་རྩེར་སོན་པའི་རྒུན་ཆང་དང་མཐོ་སྒང་གི་ཁྱད་ལྡན་སྤུས་ལེགས་རྒུན་ཆང་སྙོལ་བའི་རྒུན་འབྲུམ་ཐོན་ཁུལ་དཔེ་སྟོན་ཁུལ་དུ་བཙུགས་པའི་དམིགས་འབེན་ཕྱོགས་སུ་སྐྱོད་པ་རེད།

    དུས་རབས་སྔོན་མར།  ཧྥ་རན་སེའི་ཆོས་སྤེལ་མཁན་གྱིས་རྒུན་འབྲུམ་འཇོལ་རྫོང་ཆོས་དྲུག་ཐང་དུ་ཁྱེར་པ་དང་ཆོས་དྲུག་ཏུ་རྒུན་འབྲུམ་ར་བ་བཙུགས།  ད་ལྟར།  ཆོས་དྲུག་གྲོང་གི་དུད་ཚང་ཕལ་མོ་ཆེས་རྒུན་འབྲུམ་བཙུགས་པ་དང་རྒུན་ཆང་སྙོལ་ཡོད་པ་རེད།

    1998ལོར་རྒྱལ་ཁབ་ཀྱིས་ནགས་ཚལ་གཅོད་མི་ཆོག་པའི་སྲིད་ཇུས་བཏང་བ་དང་།   འཇོལ་རྫོང་གི་ཞིང་པའི་རང་བཞིན་དང་རང་བྱུང་ཁོར་ཡུག   ས་ཁམས་གནས་ཡུལ་སོགས་ཀྱིས་བཀག་རྒྱ་འོག   འཇོལ་རྫོང་གིས་ཞིང་ལས་ཐོན་ལས་གྲུབ་ཚུལ་ལ་ཚོད་ལྟ་མང་པོ་བྱས་པ་དང་།  མཐར་རྒུན་འབྲུམ་ཐོན་ལས་དམ་དུ་འཛིན་པ་རེད།

    འཇོལ་རྫོང་གིས་རྒུན་འབྲུམ་ཐོན་ལས་གསོ་སྐྱོང་དང་འཛུགས་སྐྲུན་བྱེད་པའི་གོ་རིམ་དུ།  རྫོང་ཨུ་དང་སྲིད་གཞུང་གིས་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་ཚོང་འདྲེན་མ་འགུག་སོགས་ཀྱི་ཕྱོགས་ནས་དངོས་གནས་ཀྱིས་རྒུན་འབྲུམ་ཐོན་ལས་ཀྱི་འཛུགས་སྐྲུན་ལ་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བ་དང་།  ཐོན་ཁུངས་ཀྱི་དགེ་མཚན་དེ་དཔལ་འབྱོར་གྱི་དགེ་མཚན་དུ་སྒྱུར་ཏེ།  རྫོངས་ཡོངས་སུ་རྒུན་འབྲུམ་འདེབས་འཛུགས་ཐོན་ལས་ཁྱབ་སྤེལ་དུ་གཏོང་བའི་དུས་མཚུངས་སུ།  “ཀུང་སི་+གནས་གཞི+ཞིང་དུད”ཞེས་པའི་དར་འཕེལ་དཔེ་དབྱིབས་ཁྱབ་སྤེལ་བྱས་ནས་རྒུན་འབྲུམ་འདེབས་འཛུགས་ཞིང་དུད་ལ་ཕྱི་ཕྱོགས་ཀྱི་སེམས་ཁྲལ་ཐག་གཅོད་བྱས་པ་དང་།  རྒྱ་ཆེ་བའི་ཞིང་པ་ཚོ་ལ་ཡོང་འབབ་འཕར་བར་སྐུལ་སྤེལ་གཏོང་བ་རེད།

    མིག་སྔའི་བར་དུ།  འཇོལ་རྫོང་གིས་རྒུན་འབྲུམ་གྱི་གནས་གཞི་མུའུ་13840བཙུགས་པ་དང་རྒུན་འབྲུམ་གྱི་རིགས་སྣ་16འདེབས་འཛུགས་བྱས་ཡོད། གནས་གཞི་བཙུགས་པ་ནས་ད་བར་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་11433འཇོག་ཡོད་པ་དང་།  རྒུན་འབྲུམ་གྱི་ཐོན་ཚད་ནི་ཐོག་མའི་ཏུན་50.3ནས་ད་ལྟའི་ཏུན་5925རུ་འཕར་ཡོད།  ཞིང་དུད་ཀྱི་སྤྱི་པའི་ཡོང་འབབ་ནི་ཐོག་མའི་སྒོར་ཁྲི་17.6ནས་ད་ལྟའི་སྒོར་ཁྲི་3830.7་དུ་འཕར་ཡོད།  དུས་ཚང་རེ་རེའི་ཡོང་འབབ་སྒོར་ཁྲི་1.38ཟིན་ཡོད་པ་དང་།  འདེབས་འཛུགས་ཞིང་དུད་ཀྱི་ཡོང་འབབ་ཆེས་མཐོ་བ་ནི་སྒོར་ཁྲི་13་དུ་ཟིན་ཡོད་པ་རེད། 

    ལོ་ངོ་18ཀྱི་འབད་བརྩོན་འོག   འཇོལ་རྫོང་གི་རྒུན་འབྲུམ་ཐོན་ལས་ནི་ཚད་ལྡན་དང་རོགས་སྐྱོར་ཁྲོད་དར་འཕེལ་ཡོད་པ་དང་།  དར་འཕེལ་ཁྲོད་རྒྱུན་མི་ཆད་པར་རྒྱ་ཆེར་འགྲོ་ཡོད།  འཇོལ་རྫོང་གི་རྒུན་འབྲུམ་ཐོན་ལས་ཀྱི་ཁྱབ་སྤེལ་འདེབས་འཛུགས་བྱས་པས་རྒྱ་ཆེ་བའི་འཇོལ་རྫོང་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱེད་པ་མ་ཟད།  འཇོལ་རྫོང་གི་མིང་བྱང་ཞིག་ཏུ་གྱུར་ཏེ།  མང་ཚོགས་ཀྱི་འཚོ་བ་ཕྱུག་པོར་གཏོང་ཡོད་པ་དང་གྲོང་གསེབ་ཀྱི་རྣམ་པ་གསར་དུ་གྱུར་བར་སྐུལ་སྤེལ་གཏོང་ཡོད་པ་རེད།