རྩོམ་པ་པོ།   ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2018-10-14   རྩོམ་ཁུངས།   
ཐོག་མར་ད་ལོའི་ཟླ་བཅུ་བའི་ཚེས་བདུན་ཉིན་གྱི་དགོང་མོར་ཀྲུང་གོིའི་གླུ་སྐད་སྙན་མོའི་རྟིང་རྩོད་འགྲན་བསྡུར་ཁྲོད་ཕ་ཡུལ་མཚོ་སྔོན་རེབ་གོང་ནས་ཕེབས་པའི་གླུ་བ་བསྟན་འཛིན་ཉི་མས་སྦྲང་དཀར་རྩམ་པའི་རོ་བཅུད་མ་ཉམས་པའི་བོད་ཀྱི་དབྱངས་རྟའི་འགྱུར་ཁུགས་་ལ་བརྟེན་ནས་བྱ་དགའ་ཨང་དང་པོ་བླངས་པ་དང་། ཕ་ཡུལ་མཚོ་སྔོན་མཚོ་ལྷོ་ཁུལ་ནས་ཐོན་པའི་གླུ་བ་འབྲུག་བྱམས་ཚེ་རིང་གིས་གངས་རིའི་ཕོ་རྒོད་ཅིག་གི་ཉམས་འགྱུར་དང་། པི་ཝང་འབྲུག་མགོ་མའི་སྙན་འཇེབས་ལྡན་པའི་སིལ་སྒྲ་ལ་བརྟེན་ནས་བྱ་དགའ་ཨང་ལྔ་བ་བླངས་པར་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུ་བཞིན་ཡོད།
2008ལོར་ཕུར་བ་སྐྱབས་ཀྱིས་ཕོ་རྒོད་ལགས། ཤུགས་རྒྱོབ་ཅེས་པའི་གར་སྟེགས་ནས་བྱ་དགའ་ཨང་དང་པོ་རེག་པ་དང་།མིག་སྔར་ཁོང་ནི་མིག་སྔར་རྒྱལ་ནང་དུ་མཚན་སྙན་གྲགས་ཆེ་བའི་བོད་ཀྱི་གཞོན་སྐྱེས་གླུ་བ་དང་འཁྲབ་སྟོན་པ་ཞིག་ཡིན་པས་མི་རིགས་རང་གི་རིག་གནས་དྲིལ་བསྒྲགས་བྱེད་པར་ནུས་པ་མི་དམན་པ་ཞིག་ཐོན་ཡོད། རིམ་བཞིན 2016ལོའི་སྐར་འོད་ལམ་ཆེན་གྱི་རྒྱལ་ཡོངས་འགྲན་བསྡུར་ཁྲོད་ཕ་ཡུལ་ཡུལ་ཤུལ་ནས་ཕེབས་པའི་དཀོན་མཆོག་ཚེ་རིང་གིས་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས། དགའ་འོས་པ་ཞིག་ལ་ན་ནིང་བོད་ལྗོངས་ནས་ཕེབས་པའི་གླུ་བ་བཀྲ་ཤིས་ཕུན་ཚོགས་ཀྱིས་ཀྲུང་གོའི་གླུ་སྐད་སྙན་མོའི་འགྲན་བསྡུར་ལས་བྱ་དགའ་ཨང་དང་པོ་བླངས་ལ། ད་ལོར་ཡང་བསྐྱར་བོད་རིགས་གླུ་བ་བསྟན་འཛིན་ཉི་མས་བྱ་དགའ་ཨང་དང་པོ་རེག་ནས་བསྟུད་མར་ཐེངས་གཉིས་ལ་རྒྱལ་ཁ་ལོན་པ་ཡིན་པས། དྲ་ཐོག་ཏུ་འདིའི་སྐོར་ལ་དཔྱད་བརྗོད་དང་བགྲོ་གླེང་བྱེད་མཁན་མི་ཉུང་བ་ཞིག་བྱུང་ཡོད། གང་ལྟར་ངས་བསམ་ན། བོད་ཀྱི་དབྱངས་རྟའི་འགྱུར་ཁུགས་ལ་ཀུན་གྱིས་དགའ་བསུ་བླ་མེད་བྱེད་བཞིན་ཡོད་ཅིང་། རང་གི་ཕ་ཡུལ་གྱི་མཛེས་སྡུག་ལྡན་པའི་རི་ཆུ་ནགས་གསུམ་ལ་བསྟོད་པ་དང་། རང་བྱུང་ཁམས་དང་དྲིན་ཆེན་ཕ་མའི་བཀའ་དྲིན་རྗེས་སུ་དྲན་པ་སོགས་ཡ་རབས་ཀྱི་གཤིས་བཟང་ལ་བསྟོད་བསྔགས་བྱེད་པའི་བརྗོད་བྱ་འདི་ལ་ནམ་ཡང་རྙིང་རྒྱུ་མེད་ཅིང་། འདི་དག་ནི་མིའི་རིགས་ཀྱིས་དོར་མི་སྲིད་པའི་དོན་དག་ཅིག་ཡིན་ལ། བོད་གཞས་ཀྱི་ནང་དོན་ནི་མི་མང་པོ་ཞིག་གི་སེམས་ཁམས་དང་འདུ་ཤེས་ལ་འཕྲོད་པ་ཞིག་ཀྱང་རེད། དེའི་རྐྱེན་གྱིས་སྤྱི་ཚོགས་ནང་དུ་སུས་ཀྱང་བོད་གླུ་ནི་འགྱུར་ཁུགས་སྙན་ཞིང་མི་རིགས་རང་གི་བརྩེ་བ་དང་སེམས་ཁམས་མངོན་པར་མཚོན་ཐུབ་པའི་རྣམ་པ་ཞིག་ལ་ངོས་འཛིན་བྱུང་ཡོད། ལྷག་པར་བོད་ཀྱི་གླུ་གཞས་དང་བོད་ཀྱི་གླུ་བ་ཞེས་གླེང་དུས་ཀུན་གྱིས་དགའ་ཞེན་དང་ཉན་སྤྲོ་བའི་སེམས་ཁམས་ཤིག་བཅངས་ཡོད་པ་ཡང་ཤེས་ཐུབ། བོད་ཀྱི་གླུ་བས་བསྟུད་མར་ཐེངས་གཉིས་ལ་ཨང་དང་པོ་ལོན་པ་འདིས་མི་རིགས་ཀྱི་སྲོལ་རྒྱུན་གླུ་གཞས་དང་དབྱངས་རྟའི་རིགས་ལ་རོལ་མྱོང་བྱེད་མཁན་མང་ཞིང་། ཕྱི་དར་གྱི་གླུ་དབྱངས་ལེན་ཚུལ་དང་དེའི་སྐབས་ཐོག་ཙམ་གྱི་དར་རྒྱུག་གི་སྣང་ཚུལ་ཙམ་མ་ཡིན་པར། ལྟད་མོ་བའི་ལུས་སེམས་གཉིས་ལ་ཡུན་རིང་བོར་བདེ་སྐྱིད་ཀྱི་དྲོད་སྣང་ཞིག་སྦྱིན་ཐུབ་ཀྱི་ཡོད་པས། སྤྱི་ཚོགས་ཐོག་མི་རིགས་ཀྱི་གླུ་གཞས་ནི་ཀུན་གྱི་སེམས་ཁམས་ལ་མཁོ་གལ་ཆེ་བའི་རྣམ་པ་ཞིག་ཏུ་གྲུབ་ཡོད་པ་རེད།
གར་སྟེགས་སྟེང་ནས་སྐར་མ་གཅིག་ལ་འཁྲབ་སྟོན་བྱེད་ནུས་པ་དེར། རྒྱབ་ལོགས་ནས་ལོ་ངོ་བཅུ་ཡི་དཀའ་སྡུག་སྤྱད་ཡོད་པ་ལྟར། བོད་ཀྱི་གླུ་བས་རྒྱལ་ཁ་བླངས་ཡོང་དུས། ང་ཚོས་ཀྱང་ངེས་པར་དུ་གླུ་བ་ཁོ་རང་ཚོས་རྒྱུན་པར་དཀའ་སྡུག་གང་མང་ཞིག་སྤྱད་ཡོད་པ་དེ་ཡང་ཤེས་དགོས་ལ། རྒྱལ་ཁབ་ནི་ནམ་ཡང་གྲ་སྒྲིག་ཡོད་པའི་མི་ལ་དབང་བས། ང་ཚོས་ཁོང་རྣམ་པ་ཚོར་རྟེན་འབྲེལ་ཞུ་བའི་ཞོར་དུ་ཁོ་རང་ཚོས་ཞུམ་མེད་ཀྱི་སྙིང་སྟོབས་ལ་ཡང་ངེས་པར་སློབ་སྦྱོང་བྱེད་འོས་པ་ཞིག་རེད། ལྷག་པར་དགའ་འོས་པ་ཞིག་ལ། བཀྲ་ཤིས་ཕུན་ཚོགས་ནས་བོད་སྐད་རྣལ་མའི་གླུ་གཞས་གྱེས་པ་ནས་བཟུང་། བསྟན་འཛིན་ཉི་མ་དང་འབྲུག་བྱམས་ཚེ་རིང་གིས་ཀྱང་གར་སྟེགས་ཆེན་མོ་འདི་འདྲ་བའི་ཐོག་ནས་རང་གི་བོད་གླུ་དང་བོད་ཀྱི་དབྱངས་རྟ་གྱེར་བས། འདི་ལ་དགའ་སྣང་དང་མོས་པ་ཡོད་མཁན་ཇེ་མང་དུ་སོང་ལ། ཕྱོགས་གཞན་ཞིག་ནས་བཤད་ན། རང་གི་སྐད་དང་ཡི་གེ གླུ་གཞས་སོགས་ཁྱབ་སྤེལ་གཏོང་བར་ནུས་པ་ལྡོག་ཏུ་མེད་པ་བཏོན་ཡོད་པ་རེད་ལ། བོད་ཡིག་དང་བོད་སྐད་ལ་རྒྱང་ཐག་བཀྱེད་པའི་ན་གཞོན་མགོ་འཁོར་བ་རྣམས་ལ་གནད་དུ་འཁེལ་བའི་ལན་གསལ་བོ་ཞིག་བཏབ་ཡོད།
རྣམ་པ་གཞན་ཞིག་གི་ངོས་ནས་བཤད་ན། བྱ་དགའ་ཨང་དང་པོ་རེག་མཁན་ཁོང་གཉིས་ནི་སྤྱིར་ན་རྩིས་རིག་སྦྱང་མཁན་དང་རྩིས་རིག་གི་དགེ་རྒན་ཡིན་མོད། འོན་ཀྱང་ཁོང་གཉིས་ནི་རང་གི་སྐད་དང་ཡི་གེ་ལ་བརྩིས་འདང་ཡོད་མཁན་གཉིས་ཡིན་པ་གར་སྟེགས་ལས་བོད་གླུ་མཚམས་མ་ཆད་པར་ལེན་པ་ལས་ཀྱང་གསལ་བོར་ཤེས་ཡོང་། བོད་ལ་གླུ་གཞས་གཏོང་མཁན་ཆེས་ཤིན་ཏུ་མང་ན་ཡང་། རྒྱལ་ནང་གི་གར་སྟེགས་ཆེ་ཤོས་སུ་འགྲིམས་ཐུབ་མཁན་དངོས་ནས་ཉུང་ཉུང་ཡིན་ལ། དེ་ལས་གླུ་བ་གླུ་མ་ཕལ་མོ་ཆེའི་རིག་གནས་ཀྱི་ཆུ་ཚད་དང་། རོལ་དབྱངས་ཀྱི་ཤེས་བྱ་སོགས་ལ་རྒྱུས་ལོན་བྱུང་ཚད་ཀྱང་དེ་འདྲའི་གཏིང་ཟབ་མོ་ཞིག་མིན་ནམ་སྙམ་པའི་དོགས་པ་སྐྱེས་ཡོང་། ཞོར་དུ་བཤད་དགོས་པ་ཞིག་ལ། གླུ་བ་འབྲུག་བྱམས་ཚེ་རིང་གིས་རྒྱུན་པར་པོད་འཕྲིན་ཐོག་ཏུ་བོད་ཡིག་གི་ལམ་ནས་འཚོ་བའི་རྣམ་པ་དང་འགྲན་བསྡུར་གྱི་གནས་ཚུལ་སོགས་ཞིབ་ཏུ་བཀོད་ཡོད་པས། འདི་ལ་ཅིས་ཀྱང་བསྟོད་པ་བྱ་འོས།
སྟེས་དབང་གིས་ད་ལོར་འགྲན་བསྡུར་ནང་དུ་བོད་ཀྱི་གླུ་བ་གཉིས་ཐོན་པ་ནི་ཅུང་བློ་ཡུལ་ལས་འདས་པའི་དོན་དག་ཅིག་ཀྱང་ཡིན་པར་ངེས་ལ། སྐབས་ཐོག་ཏུ་རང་གི་མཛུབ་སྟོན་དགེ་རྒན་གདམས་གསེས་བྱ་རྒྱུ་ཡང་ལས་སླ་མོ་ཞིག་མ་རེད། སྟབས་ལེགས་པ་ཞིག་ལ་བསྟན་འཛིན་ཉི་མ་དང་འབྲུག་བྱམས་ཚེ་རིང་གཉིས་ཐད་ཀར་དུ་གདོང་ཐུག་ནས་འགྲན་བསྡུར་བྱེད་པའི་དུས་ལ་འཁེལ་མ་བྱུང་། འགྲན་ཐེངས་མང་པོ་ཞིག་བརྒྱུད་མཐར་གཉིས་ཀ་པེ་ཅིང་བྱ་ཚང་དུ་ཕེབས་ཐུབ་རྒྱུ་བྱུང་བ་ནི་དངོས་ནས་དགའ་སྤྲོ་སྐྱེས་དགོས་པའི་དོན་དག་ཅིག་ཡིན་ལ། འདི་ལས་བོད་ཀྱི་གླུ་བའི་སྐད་ངག་དང་འཇོན་ཐང་། གཤིས་སྤྱོད་བཟང་པོ་སོགས་ཀྱང་མངོན་ཐུབ་འདུག གླུ་བ་བསྟན་འཛིན་ཉི་མའི་གཟུགས་མེད་ཀྱི་དྲན་གདུང་དང་། ཟླ་དགུ་བ། གཉེན་ཉེའི་དྲིན་དྲན་པ་སོགས་ལ་དྲ་ཐོག་ཏུ་བལྟ་མཁན་ཁྲི་ཕྲག་མང་པོ་བྱུང་འདུག་ཅིང་། གླུ་བ་འབྲུག་བྱམས་ཚེ་རིང་གི་ཁྲུང་ཁྲུང་དང་། ཕ་ཡུལ་དྲན་པའི་སྐྱོ་སེམས་སོགས་ཀྱི་གླུ་གཞས་ཀྱིས་ཀྱང་མི་མང་པོའི་ཡིད་སེམས་དབང་མེད་དུ་བཀུག་འདུག གལ་ཏེ་གླུ་བ་ཁོང་གཉིས་ཀྱི་གཞས་ལ་ཉན་པ་དང་། ཡང་ན་སྐད་འཇོག་འདོད་པའི་མོས་པ་ཡོད་ན། པོད་འཕྲིན་ནང་དུ་ཁོང་གཉིས་ཀྱི་མིང་བཙལ་ནས་དོ་ཁུར་གནང་བས་ཆོག གལ་ཏེ་རྗེས་མར་འགྲན་བསྡུར་དུ་ཞུགས་པའི་གླུ་བ་ཞིག་ཡིན་ན། རང་ཉིད་ཀྱི་མཛུབ་སྟོན་དགེ་རྒན་དེ་འདེམས་ཤེས་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། བསྟན་འཛིན་ཉི་མ་ལ་མཚོན་ན་ཡང་རང་གི་སྐད་ངག་སྙན་མོ་ཁོ་ན་ཙམ་གྱིས་རྒྱང་མི་ཆོད་པ་དང་། དེས་ན་རྒན་ལིས་ཅན་གྱི་རོལ་དབྱངས་ཀྱི་བཀོད་སྒྲིག་དང་། དབྱངས་རྟའི་སྒྲིག་བཅོས་སོགས་ཀྱིས་ནུས་པ་མི་དམན་པ་ཞིག་ཐོན་འདུག་ཅེས་དྲ་ཐོག་ཏུ་གླེང་། གླུ་བ་འབྲུག་བྱམས་ཚེ་རིང་གི་སྐད་ངག་ཤིན་ཏུ་བདེ་ཞིང་སྙན་ལ། རྟིང་རྩོད་འགྲན་བསྡུར་ཁྲོད་གླུ་གཞས་གདམས་གསེས་བྱས་པ་ཅུང་ཙམ་ཡིད་འཕངས་པའི་རྣམ་པ་ཞིག་ཀྱང་བྱུང་།
འགྲན་བསྡུར་མཇུག་སྒྲིལ་རྗེས། འགྲན་ཞུགས་པ་སུ་ཡིན་རུང་། སླར་ཡང་རང་གི་འཚོ་གནས་སུ་ལོག་དགོས། རྒྱལ་ཁ་དང་ཕམ་ཁའི་གང་རུང་ཞིག་མྱངས་པའི་རྗེས་ནས། གོམ་པ་རྗེས་མ་དེ་ཅི་ལྟར་སྤོ་རྒྱུ་ནི་ང་ཚོ་མི་ཚང་མར་འཕྲད་སྲིད་པའི་དོན་ཏག་ཅིག་ཡིན་རྒྱུ་རེད། མ་འོངས་པ་ན་གླུ་བ་ཕུར་བ་སྐྱབས་དང་བཀྲ་ཤིས་ཕུན་ཚོགས། བསྟན་འཛིན་ཉི་མ། འབྲུག་བྱམས་ཚེ་རིང་སོགས་གཙོ་བྱས་པའི་གླུ་བ་ཚོས་མི་རིགས་རང་གི་གླུ་གར་སྒྱུ་རྩལ་དར་སྤེལ་གང་ལེགས་དང་། མདོར་ན་འཛམ་གླིང་ཡོངས་ལ་མངོན་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད།