རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-10-19   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།
སྤྱི་ཟླ༡༠པའི་ཚེས༡༦ཉིན། སི་ཁྲོན་དཔེ་སྐྲུན་ཚོགས་པ་དང་ཧི་མ་ལ་ཡ་རིག་མཛོད་ཁང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སི་ཁྲོན་མཛེས་རྩལ་དཔེ་སྐྲུན་ཁང་བཅས་ཀྱིས་གཙོ་སྒྲུབ་དང་། ཁྲི་འདུ་ཁྲི་ཀ་ཚང་རྒྱལ་སྤྱིའི་གསོལ་མགྲོན་ཁང་ཆེན་མོས་རོགས་སྒྲུབ་བྱས་པའི《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོའི》དཔེ་སྐྲུན་སྐོར་གྱི་དཔྱད་གླེང་ཚོགས་འདུ་དེ་ཁྲི་འདུ་རུ་གཟབ་རྒྱས་ངང་འཚོགས། ཐེངས་འདིའི་ཚོགས་ཐོག་ཏུ་རྒྱལ་ཡོངས་ས་གནས་ཁག་ནས་ཕེབས་པའི་གདན་ཞུའི་ཆེད་མཁས་པ་༤༠ལྷག་གིས་《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོའི》འཆར་འགོད་དང་། རྩོམ་སྒྲིག །དཔེ་སྐྲུན་སོགས་ཀྱི་བྱ་བའི་ཐད་ནས་དགོངས་ཚུལ་བརྗེ་རེས་དང་བགྲོ་གླེང་ལྷུག་པོ་གནང་།
ཉིན་གུང་གི་ཚོགས་ཐོག་ཏུ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རྩོམ་རིག་ཞིབ་འཇུག་གླིང་གི་ཞིབ་འཇུག་པ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན། གེ་སར་ཞིབ་འཇུག་པ་གྲགས་ཅན་འཇམ་དཔལ་རྒྱ་མཚོ་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རྩོམ་རིག་ཞིབ་འཇུག་གླིང་གི་ཞིབ་འཇུག་པ། རྒྱལ་ཡོངས་གེ་སར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ། མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་གཙོ་གཅོད་པ་དོན་གྲུབ་སོགས་གླིང་སྒྲུང་ཞིབ་འཇུག་པའི་སྡེ་ཡི་ཆེད་མཁས་པ་རྣམས་ཀྱིས་རྟེན་འབྲེལ་ཤིས་ཚིག་ཕུལ་བ་དང་སྦྲགས། རྣམ་གྲངས་འདིའི་དོན་སྙིང་དང་རིན་ཐང་གི་ཐད་ནས་གདེང་འཇོག་ཚད་མཐོན་པོ་གནང་། དེ་བཞིན་རྣམ་གྲངས་འདིའི་འཆར་འགོད་དང་ལག་བསྟར་བྱེད་ཕྱོགས། དཔེ་སྐྲུན་ཚན་པ་བཅས་ཀྱིས་དཀའ་ལས་བརྒྱབ་པའི་གྲུབ་འབྲས་ལ་བསྔགས་བརྗོད་གནང་། སི་ཁྲོན་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་ཀྲུའོ་དང་། སི་ཁྲོན་ཞིང་ཆེན་གསར་འགྱུར་དཔེ་སྐྲུན་རྒྱང་བསྒྲགས་བརྙན་འཕྲིན་ཅུས་ཀྱི་སྐོར་གཟིགས་པ་གཞོན་པ་ཞའོ་ཧྲི་ཅོན། སི་ཁྲོན་དཔེ་སྐྲུན་ཚོགས་པའི་སྤྱི་འདོམས་པ་ཁྲིན་ཡུན་ཧྭ་བཅས་ཀྱིས་གཏམ་བཤད་དང་ཤིས་ཚིག་ཕུལ། དེ་མཐུད་ནས་《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོའི་》རྩོམ་སྒྲིག་ཚོགས་པ་ཡིས་ཆེད་མཁས་པ་རྣམས་ལ་གདན་འདེན་ཞུ་ཡིག་ཕུལ་བ་དང་། ཧི་མ་ལ་ཡ་རིག་མཛོད་ཁང་ལ་རྒྱལ་ཡོངས་《གེ་སར》བྱ་བའི་འགོ་ཁྲིད་ཚན་ཆུང་གི་གཞུང་སྒྲུང་ཁང་ནས“རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་《གེ་སར》ཡིག་ཚགས་ལྟེ་གནས”ཞེས་པའི་མཚན་སྙན་གནང་བ་ཆབས་ཅིག །སྒོ་བྱང་སྤྲོད་པའི་མཛད་སྒོ་སྤེལ། སི་ཁྲོན་དཔེ་སྐྲུན་ཚོགས་པའི་ལས་འཛིན་ལྷན་ཚོགས་ཀྱི་འགོ་འཛིན་བློ་བཟང་རྡོ་རྗེས་ཚོགས་འདུའི་གཙོ་སྐྱོང་གནང་།
《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོའི་》རྩོམ་སྒྲིག་ཚོགས་པ་ཡིས་ཆེད་མཁས་པ་རྣམས་ལ་གདན་འདེན་ཞུ་ཡིག་ཕུལ་བའི་རྣམ་པ།
ཕྱི་དྲོར།《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོའི》དཔེ་སྐྲུན་སྐོར་གྱི་དཔྱད་གླེང་ཚོགས་འདུའི་ཐོག །ཆེད་མཁས་པ་རྣམས་ཀྱིས་ལས་གཞི་རླབས་ཆེན་འདིས་ནི་མི་རིགས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུ་དང་། རིག་གནས་ཡིད་རྟོན་ཇེ་བརྟན་དང་། རིག་གཞུང་ཞིབ་འཇུག་ཡར་སྐུལ་སོགས་ཀྱི་ཐད་ལ་ཕན་ནུས་བླ་ན་མེད་པ་ཐོན་ཡོད་ཅེས་བསྔགས་བརྗོད་དང་གདེང་འཇོག་གནང་བ་མ་ཟད། སང་ལོའི་ལོ་སྟོད་ལ་གླིང་སྒྲུང་དཔེ་ཚོགས་འདི་ཉིད་ཀློག་པ་པོ་ལྷན་རྒྱས་ཀྱི་སྤྱན་བསྟར་ཞུ་ཐུབ་པར་རེ་ལྟོས་ཆེ་ཞེས་གསུང་བཤད་གནང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་དཔེ་སྐྲུན་བགྲོ་གླེང་ཚོགས་འདུའི་གཙོ་སྐྱོང་གནང་། ཚོགས་ཐོག་ཏུ་སི་ཁྲོན་མཛེས་རྩལ་དཔེ་སྐྲུན་ཁང་གི་འགོ་གཙོ་མཱ་ཞའོ་ཧྥིན་གྱིས་དཔེ་ཚོགས་འདིའི་སྒྲིག་བཟོ་ཇུས་འགོད་བྱ་བའི་སྐོར་ནས་ཚོགས་ཞུགས་ལྷན་རྒྱས་ལ་གཏམ་བཤད་གནང་། དེ་བཞིན་ཧི་མ་ལ་ཡ་རིག་མཛོད་ཁང་གི་འགན་འཁུར་བ་སྤྲུལ་སྐུ་ཚེ་རིང་རྡོ་རྗེས་ཡིག་ཚགས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱེད་ཕྱོགས་སྐོར་ནས་སྙན་ཞུ་ཕུལ།
《འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང》ནི་བོད་གངས་ཅན་པས་ཐུན་མོང་གིས་བརྩམས་གནང་མཛད་པའི་རླབས་ཆེ་བའི་དཔའ་བོའི་བྱུང་བ་བརྗོད་པའི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་ཞིག་ཡིན་ཞིང་། རྒྱུན་རིང་བའི་ལོ་རྒྱུས་དང་རི་ལྟར་བརྩེགས་པའི་གླེགས་བམ། ཕུན་སུམ་ཚོགས་པའི་ནང་དོན། ཟབ་ཅིང་ཡངས་པའི་ཤེས་རིག་གི་བང་མཛོད་ཅིག་ཡིན་པས། བོད་མི་རིགས་གཙོ་བའི་མདོ་དབུས་མཐོ་སྒང་གི་ཁོངས་སུ་འཚོ་ཞིང་གཞེས་པའི་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་བྱེད་པར་ཤེས་བྱ་ཀུན་འདུས་ཀྱི་རྣམ་པ་ཅན་གྱི་རླབས་ཆེ་བའི་བརྩམས་ཆོས་ཤིག་ཡིན། འདི་ཉིད་འཛམ་གླིང་ཐོག་བམ་པོའི་གྲངས་ཚད་ཆེས་མང་བའི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་དེ་ཡིན་ཕྱིན་འཛམ་གླིང་ན་ཆེས་རིང་བའི་དཔའ་བོའི་རྟོགས་པ་བརྗོད་པའི་ལོ་རྒྱུས་ཀྱི་སྙན་རྩོམ་ཞེས་པའི་མཚན་གྱི་སྙན་པ་འབར།
ད་རེས་སི་ཁྲོན་དཔེ་སྐྲུན་ཚོགས་པས་མ་དངུལ་གྱི་མཐུན་རྐྱེན་སྦྱར་ཞིང་། ཧི་མ་ལའི་རིག་གནས་སྒྱུ་རྩལ་ལྟེ་གནས་ཀྱིས་དཔེ་འཚོལ་ཕྱོགས་བསྒྲིགས་གནང་འོག །སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་སི་ཁྲོན་མཛེས་རྩལ་དཔེ་སྐྲུན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་དཔེ་སྐྲུན་བྱ་འཆར་ཡོད་པས་《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ》འདི་ཉིད་ནི་ཕྱོགས་ཡོངས་དང་མ་ལག་ཚང་བའི་སྒོ་ནས་འཚོལ་བསྡུ་དང་། ཕྱོགས་བསྒྲིགས། པར་སྒྲིག །དཔེ་སྐྲུན་བཅས་སྔར་བྱུང་མ་མྱོང་བའི་རིག་གནས་ཀྱི་ལས་གཞི་ཞིག་ཡིན་ལ།ཡིག་འབྲུ་བསྡོམས་པས་ཁྲི་བརྒྱད་སྟོང་དང་། གླིང་སྒྲུང་རིགས་སྣ་ཚོགས་སུམ་བརྒྱ་བདུན་ཅུ་ལྷག་གི་མ་དཔེ་ཕྱོགས་བསྡུས་ཀྱིས་པོད་སུམ་བརྒྱ་ལྷག་བསྒྲིགས་ནས་དཔེ་སྐྲུན་བྱ་རྒྱུ་ཡིན་པས། འདི་ནི་མིག་སྔར་ཆེས་ཆ་ཚང་བའི་《འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང》གི་དཔེ་མཛོད་དུ་གྲུབ་ཡོད།
དཔེ་ཚོགས་འདི་ཉིད་འཚོལ་བསྡུ་དང་ཕྱོགས་བསྒྲིགས་ཀྱི་ལས་ཀ་སྤེལ་ནས་ལོ་ངོ་བཅུ་གྲངས་འདས་ཤིང་། མ་དཔེའི་ཁྲོད་དུ་སྔོན་བྱུང་གི་ལག་བྲིས་མ་དང་། གཏེར་སྒྲུང་། ཤིང་དཔར། ལྕགས་དཔར། ནང་ཁུལ་གྱི་ཡིག་ཚགས། ཉེ་རབས་དམངས་ཁྲོད་དུ་བསྡུ་སྒྲིག་བྱས་པའི་སྒྲུང་དཔེ། ད་དུང་ཉེ་བའི་ལོ་ངོ་དྲུག་ཅུ་ལྷག་གི་རིང་ལ་དཔེ་སྐྲུན་བྱས་པའི་སྒྲུང་དཔེ་བཅས་འདུས་ཡོད། སྒྲུང་དཔེ་འདི་དག་ནི་ཞིང་འབྲོག་ས་ཁུལ་དང་། བོད་ཀྱི་དགོན་སྡེ་སོགས་ནས་འཚོལ་བསྡུ་བྱས་པ་ཡིན་ལ། མི་རབས་ནས་མི་རབས་སུ་བརྒྱུད་པའི་སྒྲུང་པ་རྣམས་ཀྱིས་སྙན་མོ་ངག་གི་འགྱུར་ཁུག་དང་། དམངས་ཁྲོད་ཀྱི་གེ་སར་རིག་གནས་ལ་བརྩི་མཐོང་གནང་མཁན་རྣམས་ཀྱིས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་བྱུང་བ་ཡིན་ཞིང་། རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་བསྡུ་སྒྲིག་པ་དང་། ཞིབ་འཇུག་པ། དཔེ་སྐྲུན་པ་བཅས་ཀྱིས་རྒྱུན་ཡུན་རིང་བའི་རྩོལ་བ་ལ་བརྟེན་ནས་བྱུང་བ་ཞིག་ཀྱང་ཡིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་དཔལ་ཡོན་འཕེལ་རིམ་གྱི་མཐོ་ཚད་ནས་《འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང》ལ་གདེང་འཇོག་བྱས་ཡོད་པ་དང་། རང་རྒྱལ་གྱི་དམངས་སྲོལ་ཆེད་མཁས་པ་གྲགས་ཅན་ཀྲུང་ཅུན་བུན་གྱིས་བོད་རང་ཉིད་ལ་《འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང》ཡོད་པ་དང་ཁྱབ་སྤེལ་བྱུང་བ་ནི་མི་རིགས་ཀྱི་གཟི་བརྗིད་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ང་རྒྱལ་དུ་རློམ་ཆོག་པར་མ་ཟད། མིའི་རིགས་ཀྱི་རིན་ཐང་བྲལ་བའི་སྒྱུ་རྩལ་གྲུབ་འབྲས་ཀྱི་མངོན་སྟངས་དང་གཟི་བརྗིད་ཅིག་རེད་ཅེས་གསུངས་ཡོད། 《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ》བོད་ཡིག་དཔར་མ་དཔེ་སྐྲུན་གནང་བ་ཡིས་འཛམ་གླིང་ན་ཆེས་རིང་བའི་དཔའ་བོའི་རྟོགས་པ་བརྗོད་པའི་སྙན་རྩོམ་རིང་མོའི་གཟི་མདངས་སྔར་ལས་རྒྱས་པར་བྱས་ཡོད་ལ། མདོ་དབུས་མཐོ་སྒང་ན་འཚོ་ཞིང་གཞེས་པའི་བོད་མི་རིགས་སོགས་མི་རིགས་ཁག་གི་ཀྲུང་ཧྭའི་རིག་གནས་རང་རྟོན་དེ་ངེས་པ་དོན་གྱིས་མཐོར་འདེགས་སུ་གཏོང་ཐུབ་བོ། །