བོད་བརྒྱུད་ཚད་མའི་སྤྱོད་སྒོ་ཆེན་མོ་བཞི།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-10-29   རྩོམ་ཁུངས།    ལུག་ཚལ་དཔལ་ཡོན།

མཁས་དབང་དོར་ཞིའི་དྲ་རྩོམ་ཞིག་ལས་བཏུས་ནས་བསྒྱུར།

༡、ཤེས་རབ་དཀྱིལ་འཁོར་འབྱེད་པའི་རྒྱུར། །

   གཏན་ཚིགས་རིགས་ལམ་སྔོན་གོམས་གཙོ། །

        བོད་བརྒྱུད་ནང་བསྟན་གྱི་དགོན་པ་དག་ནི་ཆོས་ལུགས་ཆོ་གའི་རྣམ་པ་ཁོ་ན་སྤེལ་ས་ཙམ་མ་ཡིན་པར།   རྒྱ་གར་གྱི་ནཱ་ལེནྡྲ་སོགས་དགོན་ཆེན་རྣམས་ལ་དཔེ་བལྟས་ནས་བཙུགས་པའི་སྣ་འཛོམས་རང་བཞིན་གྱི་གཙུག་ལག་སློབ་ཆེན་ཞིག་སྟེ། གོ་རིམ་དམ་ཞིང་ཞིབ་ཚགས་པོའི་སློབ་གཉེར་གྱི་ཁྱད་ཆོས་དང་ལྡན་པ་ཞིག་གོ ། ཚད་མ་རིག་པ་ཞེས་པ་ནི་རིག་གནས་ཆེ་ཆུང་བཅུའི་གྲས་ཀྱི་གཅིག་ཡིན་ལ། གྲྭ་སའི་སློབ་གཉེར་བ་ཞིག་ལ་མཚོན་ན་ཐོག་མར༼བསྡུས་གྲྭ༽ནས་རིམ་པར༼ཚད་མ་སྡེ་བདུན༽སོགས་ལ་ལོ་གསུམ་ནས་ལྔ་བར་ནན་ཏན་གྱིས་སྦྱང་དགོས་པའི་སྲོལ་ད་ལྟའི་བར་དུ་མ་ཉམས་པར་མཆིས། ཆེས་སྤྱིར་བཏང་གི་དངོས་པོ་ནས་བཟུང་རིམ་བཞིན་རྙོག་དྲ་ཆེ་ཞིང་བརྗོད་དོན་ཟབ་པའི་ཆོས་རྣམས་ཀྱི་ཚུལ་ལ་ཇི་ལྟར་ངོས་འཛིན་ཤེས་པ་དང་། དབྱེ་འབྱེད་གཏོང་བ། བརྡར་ཤ་གཅོད་པ། རིགས་འདེད་བྱེད་པ་ལ་སོགས་བློ་གྲོས་ཀྱི་དཀྱིལ་འཁོར་ཀུན་ནས་འབྱེད་པ་ལ་ཚད་མ་རིག་པར་ལྡེ་མིག་ལྟ་བུའི་འདུ་ཤེས་ཀྱིས་སྦྱོང་བ་སྤྱོད་སྒོ་དང་པོའོ། །

༢、གཞུང་བརྒྱའི་དཀའ་གནད་དགྲོལ་བ་ལ། །

ཚད་མའི་རིགས་ལམ་ཐབས་ཀྱི་མཆོག །

        རྗོད་བྱེད་སྡེ་སྣོད་གསུམ་དང་བརྗོད་བྱ་བསླབ་པ་གསུམ་གྱིས་བསྡུས་པའི་ནང་བསྟན་ཆོས་ལུགས་འདི་ཉིད་ཚད་མཐོའི་མཚན་ཉིད་ཀྱི་སྒྲོམ་གཞིའི་འོག་ལེགས་པར་བཙུགས་པའི་རིག་གཞུང་ཟབ་མོ་ཞིག་དང་། སློབ་དཔོན་འཕགས་པ་ཀླུ་སྒྲུབ་དང་། ཐོགས་མེད་སོགས་རྒྱ་གར་ནང་བའི་མཁས་ཆེན་དག་གིས་རྗེས་མཛད་དགོངས་འགྲེལ་བསྟན་བཅོས་རྣམས་ལའང་ཚད་མའི་རིགས་ལམ་གྱིས་བཅིངས་པ་ཤ་སྟག་ལགས་ཕྱིར། བསྟན་བཅོས་འདི་དག་གི་དགོངས་དོན་ལེགས་པར་ལོན་པ་ལ་ཐོག་མར་ཚད་མའི་རིགས་ལམ་གྱི་གསང་གནད་དགྲོལ་དགོས་པ་གལ་ཆེ། དེའི་ཕྱིར། “བསྟན་པའི་སྒོ་འབྱེད་ཚད་མ་རིག་པ”ཞེས་སྙན་གྲགས་མཁས་པའི་སྡེ་ཀུན་ཏུ་ཁྱབ་པ་བྱུང་ཞིང་། ལྷག་པར་ནང་བསྟན་མཚན་ཉིད་རིག་པ་གཏིང་ཆོད་པར་ཤེས་འདོད་པ་རྣམས་ལ་ཚད་མ་རིག་པར་མེད་དུ་མི་རུང་བ་རིན་པོ་ཆེའི་འདུ་ཤེས་ཀྱིས་སྦྱོང་བ་སྤྱོད་སྒོ་གཉིས་པའོ། །

༣、འཁྲུལ་ཉེས་ནད་གདོན་དྲུངས་འབྱིན་པའི། །

ཚད་མའི་སྨན་མཆོག་མཁས་རྒུའི་རྒྱན། །

        བོད་ཀྱི་རིག་གནས་འཕེལ་བའི་ལོ་རྒྱུས་ཐོག་མཁས་པ་མང་པོ་ཞིག་གིས་ཚད་མའི་རིགས་ལམ་གྱི་རྒྱ་མར་ཁུངས་བཅོལ་ནས་སྔོན་གྱི་བསྟན་བཅོས་དང་གསུང་རབ་དག་ལ་ལེགས་ཉེས་སྤང་བླང་གི་རྣམ་གཞག་མཛད་པ་སྟེ། ལེགས་ཆ་བླང་ཞིང་ཉེས་བཤད་དག་ཐེར་གྱི་བརྒྱུད་རིམ་ནང་རང་གི་ལྟ་བ་བསྲུངས་ཤིང་གཞན་གྱི་སྨྲ་ངན་ཚར་བཅད་དེ་རིག་གཞུང་ཞིབ་འཇུག་གི་འཕེལ་རྒྱས་ལ་གསོན་ཤུགས་བླ་ལྷག་བསྩལ། དེ་ཙམ་དུ་མ་ཟད་ཀྱི་ད་ལྟའི་ཆ་ལའང་སྐྱེ་བོ་རེ་འགས།  “བོད་བརྒྱུད་ནང་བསྟན་ནི་ནང་བསྟན་འཕེལ་རྒྱས་ཀྱི་རྩེ་མོའོ”ཞེས་བསྔགས་པ་དོན་ལྡན་གྱི་མེ་ཏོག་གཏོར་གྱིན་མཆིས་པ་ལ། དོན་དུ་དེའང་ཚད་མ་རིག་པའི་དཔུང་འདེགས་ཀྱི་བཀའ་དྲིན་དང་ཀུན་ནས་དམ་དུ་འབྲེལ་འདུག་པས། བཀའ་དྲིན་ལ་བཀའ་དྲིན་དུ་ཤེས་པའི་ཐོག་སྦྱོང་བ་སྤྱོད་སྒོ་གསུམ་པའོ། །

༤、གཏམ་དང་རྩོམ་པ་ཤགས་འགྱེད་སོགས། །

ཀུན་ལ་རིགས་ལམ་གཟུང་ཐག་གཅེས། །

        རང་རེའི་བོད་པ་རྣམས་རིག་གཞུང་རྩོད་པ་དང་། རྩོམ་ཡིག་འབྲི་བ་སོགས་ཀྱི་སྐབས་ལ་གཏན་ཚིགས་དང་རིགས་འདེད་ཀྱི་ལས་ལ་མཐོང་ཆེན་པོར་བྱེད་པ་སྨོས་ཅི།   ཐ་ན་སྤྱིར་བཏང་འཚོ་བའི་ཁྲོད་དུ་ཕན་ཚུན་བར་ལ་གླེང་མོལ་བགྱི་བ་དང་། ཤགས་འགྱེད་གཏོང་བ། བཞད་གད་སློང་བ་སོགས་ཀྱི་སྐབས་དག་ལའང་། རྗོད་བྱེད་ཀྱི་ཚིག་སྔ་ཕྱི་ལ་འབྲེལ་བ་གྲུབ་མ་གྲུབ་དང་། བརྗོད་བྱ་དོན་གྱི་གནད་དག་ལ་རྒྱུ་མཚན་ལྡན་མི་ལྡན་གྱི་ཐད་དུ་བསམ་བློ་ཞིབ་ཏུ་གཏོང་སྲོལ་མཆིས་པ་ལྟར།   བྱ་བ་ཆེ་ཆུང་ཀུན་ལ་གཏན་ཚིགས་གཙོ་བོར་བརྩི་ཞིང་དེའང་ཚད་མ་རིག་པར་སློབ་གཉེར་བྱས་མ་བྱས་འབྱུང་ཁུངས་སུ་ཤེས་པའི་ཐོག་སྦྱོང་བ་སྤྱོད་སྒོ་གསུམ་པའོ། །

ཁ་སྒང་སྟག་འབུམ་རྒྱལ།

ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར།