རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-10-31   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།
དབྱར་ཁར་ཁ་དབུགས་སྐམ་པོ་ཡིན་པའི་དབང་གིས།མིག་སྐམ་ནད་ཀྱི་འབྱུང་ཚད་ཧ་ཅང་མཐོ།མཁའ་རླུང་སྙོམ་སྒྲིག་འཕྲུལ་ཆས་དང་གློག་ཀླད་བཀོལ་སྤྱོད་བྱེད་རྒྱུ་མང་བ་དང་།མངོན་མེད་མིག་ཤེལ་བཀོལ་བ་སོགས་ནི་མིག་སྐམ་ནད་ཀྱི་འབྱུང་རྐྱེན་གཙོ་བོ་རེད།མིག་སྐམ་ནད་སྔོན་འགོག་དང་གསོ་བཅོས་བྱེད་ཐབས་ལ་འདི་དག་ཡོད་པ་སྟེ།
གཅིག མིག་མང་དུ་རྡེབ་པ། མིག་རྡེབ་པ་ནི་སྲུང་སྐྱོབ་རང་བཞིན་ལྡན་པའི་དབང་རྩའི་ཚོར་ལན་འགུལ་སྐྱོད་ཅིག་ཡིན་པས།མིག་མང་དུ་བརྡབས་ན་མིག་ཆུའི་བང་རིམ་གྱིས་མིག་ཆུ་དེ་མཐོང་སྐྱི་དང་འབྲེལ་སྐྱིའི་ངོས་སུ་ཆ་སྙོམས་ཀྱིས་བྱུགས་པས།མིག་ལ་བརླན་འཁོར་ཞིང་མི་སྐམ་པའི་ནུས་པ་ལྡན།གལ་ཏེ་མིག་བརྡབས་གྲངས་ཇེ་ཉུང་དུ་བཏང་ན།མིག་ཆུ་ཐད་ཀར་ཇེ་ཉུང་དུ་འགྲོ་ངེས་པ་དང་།མཁའ་དབུགས་ཁྲོད་མངོན་པའི་མིག་ཆུའི་སྐྱི་མོ་རླངས་པར་འགྱུར་འགྲོ་བས།མིག་རིལ་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ཐོན་མི་ཐུབ།སྤྱིར་བཏང་གིས་མི་མང་ཤས་ཀྱིས་སྐར་ཆ་ལྔའི་ནང་དུ་ཐེངས་གཅིག་རྡེབ་པ་དང་སྐར་མ་གཅིག་གི་ནང་ཐེངས20ལ་རྡེབ་པ་རེད།
གཉིས། མིག་གི་གཙང་སྦྲར་དོ་སྣང་བྱེད་དགོས། ལག་པ་མ་བཀྲུས་པར་མིག་ཕུར་ཕུར་བྱེད་མི་རུང་ལ།དུས་ཚོད་གཅིག་རེའི་ནང་མིག་ངལ་གསོ་བྱེད་དགོས།མིག་བཙུམ་ནས་ཅུང་ཙམ་ངལ་གསོ་བའམ་ཡང་ན་མིག་གིས་རྒྱང་རིང་དུ་བལྟ་དགོས།མིག་ལྕིབས་སྟེང་དུ་སྣུམ་གཤིས་ཟགས་ཐོན་དངོས་པོ་སོགས་ཀྱི་མི་གཙང་བ་འབྱུང་བའི་ནད་པས་མིག་ལྕིབས་གཙང་སྦྲར་ངེས་པར་དོ་སྣང་བྱེད་དགོས།
གསུམ། དུས་ཡུན་རིང་པོར་གློག་ཀླད་བཀོལ་སྤྱོད་བྱེད་མི་རུང་། དུས་ཡུན་རིང་པོར་གློག་ཀླད་བཀོལ་སྐྱོད་བྱེད་མཁན་དང་།ནང་སྒོས་སུ་ན་གཞོན་རྣམས་ཀྱིས་དུས་ལྟར་མིག་སྐམ་ནད་གསོ་བཅོས་བྱེད་དགོས་ཤིང་།གློག་ཀླད་བཀོལ་སྤྱོད་བྱེད་ཚད་ཇེ་ཉུང་དུ་གཏོང་བ་ལས།དུས་ཡུན་རིང་པོར་གློག་ཀླད་བཀོལ་སྤྱོད་བྱེད་མི་རུང་།
བཞི། བཟའ་བཏུང་ལ་དོ་སྣང་བྱེད་དགོས། རྒྱུན་དུ་གློག་ཀླད་སྟེང་བྱ་བ་བསྒྲུབ་དགོས་ན།སྔོ་ཚོད་དང་སིལ་ཏོག་གསར་པ་མང་དུ་བཟའ་བ་དང་མཉམ་དུ།འཚོ་རྒྱུAདངB1དངCདངEབཅས་ཁ་སྣོན་བྱེད་དགོས་པ་སྟེ།སྲན་མའི་རིགས་དང་ཉ།འོ་མ།སྟར་ཀ སྔོ་ཚོད།ཚོད་དཀར་ཆེན་མོ།ཀྲོ་མ་ཀྲུ།ཀུ་ཤུ།ཚ་ལུ་མ་སོགས་མང་དུ་བཟའ་དགོས།
ལྔ། གཞི་སྒྲོམ་མིག་ཤེལ་བཀོལ་དགོས། མངོན་མེད་མིག་ཤེལ་བཀོལ་ན་ཕྱིའི་རྣམ་པ་དངོས་གནས་ཇེ་ཡག་ཏུ་བཏང་ཡོད་མོད།འོན་ཀྱང་བཀོལ་ཡུན་རིང་ན་མིག་ཆུ་ཟགས་ཐོན་བྱེད་པར་གནོད་པ་ཡོད།
དྲུག མཁའ་རླུང་སྙོམ་སྒྲིག་འཕྲུལ་ཆས་ཉུང་བཀོལ་བྱེད་པ་དང་།སྐམ་ཤས་ཆེ་བའི་ཁང་པའི་ནང་དུ་ཉུང་འདུག་བྱེད་དགོས།མཁའ་རླུང་སྙོམ་སྒྲིག་འཕྲུལ་ཆས་ཀྱིས་མཁའ་རླུང་ཁྲོད་དུ་བརླན་མེད་པར་བཟོ་བ་རེད།སྐམ་ཤས་ཆེ་བའི་མཁའ་དབུགས་ཁྲོད་དུ།མིག་ཆུའི་སྐྱི་མོ་རླངས་པར་འགྱུར་ཚད་ཇེ་མགྱོགས་སུ་འགྲོ་བས།མིག་སྐམ་པ་དང་མིག་མི་བདེ་བའི་ཚོར་སྣང་འབྱུང་སླའོ། །