རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-06   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
༼ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ནས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་སྐབས་དང་པོར་ཞུགས་པར་ཕེབས་པའི་རྒྱལ་ཁབ་ཁག་གི་སྐུ་མགྲོན་ལ་དགའ་བསུ་ཞུས་གནང་བ།༽
སྤྱི་ཚེས་༤ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ནས་ཧྲང་ཧའེ་རུ་གསོལ་སྟོན་བཤམས་ཏེ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་སྐབས་དང་པོར་ཞུགས་པར་ཕེབས་པའི་རྒྱལ་ཁབ་ཁག་གི་སྐུ་མགྲོན་ལ་དགའ་བསུ་ཞུས་གནང་ཡོད།
སྟོན་དུས་ཀྱི་ཧྲང་ཧའེ་ནི་མེ་ཏོག་གི་དྲི་བསུང་གང་སར་འཐུལ་བ་དང་། ས་སྲོས་སུ་གློག་སྒྲོན་ཁྲ་ལམ་མེར་འཚེར་བ། ཧོང་ཕུ་ཅང་གཙང་པོའི་ཉེ་འགྲམ་གྱི་ཐག་བརྩེགས་ཁང་བཟང་འགྱིང་ངེར་གནས་པ། ཚོན་ཁྲ་ཅན་གྱི་གློག་འོད་ལྷམ་མེར་བཀྲ་ཞིང་སྒོ་འབྱེད་དར་རྒྱས་ཀྱི་ཉམས་སྣང་མངོན་བཞིན་མཆིས། ཆུ་ཚོད་དྲུག་དང་སྐར་མ་༢༥ཐོག ཕྱི་རྒྱལ་གྱི་འགོ་ཁྲིད་དང་སྐུ་ཟླ་སྔ་རྗེས་སུ་ཧྲང་ཧའེ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་ཕེབས་ཡོད། ལོ་ཆུང་བྱིས་པས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་གླུ་ལེན་གར་འཁྲབ་བྱེད་པའི་ཁྲོད་ཕྱོགས་ཁག་གི་སྐུ་མགྲོན་ལ་བསུ་བ་ཞུས་ཡོད།
ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལེ་ཡོན་ནས་རྒྱལ་ཁབ་ཁག་གི་འགོ་ཁྲིད་སྟངས་དཔྱལ་དང་མཛའ་བརྩེའི་གླེང་མོལ་གནང་བ་མ་ཟད་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་ཡོད། སྤྲོ་སྐྱིད་ལྡན་པའི་མགྲོན་བསུའི་གླུ་དབྱངས་ཁྲོད་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ནས་སྐུ་མགྲོན་རྣམས་དང་ལྷན་དུ་གསོན་སྟོན་ཁང་ནང་ཕེབས་ཡོད། ཞི་ཅིན་ཕིང་གིས་ཤིས་ཚིག་གསུངས་གནང་བ་དང་། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ཏེ་རྒྱལ་ཁབ་ཁག་གི་འགོ་ཁྲིད་དང་སྐུ་མགྲོན་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་གནང་ཡོད།
ཞི་ཅིན་ཕིང་གིས། ཧྲང་ཧའེ་ནི་ཀྲུང་གོའི་དཔལ་འབྱོར་ལྟེ་གནས་ཆེ་ཤོས་དང་སྒྱུར་བཅོས་སྒོ་དབྱེའི་འཐབ་ས་མདུན་མའི་གྲས་ཡིན་ཞིང་། ཉེ་རབས་ཚུན་གྱི་ཀྲུང་གོའི་སྒོ་དབྱེ་མཉམ་ལས་ཀྱི་ལོ་རྒྱུས་འཕེལ་རིམ་ལ་དཔང་པོ་བྱས་ཡོད་ལ། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་ལོ་ངོ་བཞི་བཅུའི་གསོན་ཉམས་ལྡན་པའི་ལེའུ་ཡང་བཏོད་ཡོད། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་ནི་ཀྲུང་གོའི་ཡིན་ལ་དེ་བས་ཀྱང་འཛམ་གླིང་གི་ཡིན། དེ་ནི་འགྲེམ་ཚོགས་སྤྱིར་བཏང་ཞིག་མིན་པར་ཀྲུང་གོས་རེས་འཁོར་གསར་པའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་སྐུལ་འདེད་གཏོང་བའི་ཐབས་ཇུས་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོས་རང་རྟོགས་ངང་འཛམ་གླིང་ལ་ཁྲོམ་ར་སྒོ་འབྱེད་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་ཀྱིས་ཧྲང་ཧའེ་ལ་ངོ་མཚར་གསར་རྐྱང་ཞིག་གཏོད་ཐུབ་པའི་ཡིད་ཆེས་ཡོད། སྤྱི་ཚེས་༥ཉིན་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་དངོས་སུ་འགོ་ཚུགས་རྒྱུ་དང་། སླད་ཉིན་དྲུག་ནང་གླིང་ཆེན་ལྔ་ནས་ཕེབས་པའི་རྒྱལ་ཁབ་དང་ས་ཁུལ། རྒྱལ་སྤྱིའི་སྒྲིག་འཛུགས་བཅས་༡༧༢ཀྱིས་འཛམ་གླིང་ལ་གོང་འཕེལ་གྱི་གྲུབ་འབྲས་དང་རྒྱལ་ཁབ་ཀྱི་གཟུགས་བརྙན་མངོན་པར་བྱ་རྒྱུ་དང་། རྒྱལ་ཁབ་ཁག་གི་འགྲེམ་ཚོགས་ནང་ཞུགས་མཁན་ཁེ་ལས་༣༦༠༠ལྷག་ནས་ཀྱང་ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་ཕྱི་ནང་གི་ཉོ་སྒྲུབ་ཚོང་པ་དང་ངོ་འཕྲད་བགྲོ་གླེང་དང་གོང་འཕེལ་གྱི་ཇུས་གཞི་མཉམ་འགོད་བྱ་རྒྱུ། ཕྱོགས་ཁག་གི་སྐུ་མགྲོན་ནས་ཀྱང་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་དང་འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་གི་གནད་དོན་གལ་ཆེན་ལ་གཞིགས་ཏེ་ཞིབ་བསྡུར་སྤེལ་རེས་དང་བསམ་པའི་སྤེལ་རེས་བྱ་རྒྱུ་རེད། དེ་ནི་མི་རྣམས་ནས་རེ་སྒུག་ཆེན་པོ་བྱེད་པའི་རྒྱས་འཛོམས་ཤིག་ཡིན་པས། རྒྱལ་ཁབ་ཁག་གི་གྲོགས་པོ་རྣམས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཐུབ་ཅེས་གསུངས་པ་དང་།
ཞི་ཅིན་ཕིང་གིས། ཕྱོགས་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་དང་ཐུན་མོང་འབད་བརྩོན་འོག ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་དེ་ཆུ་ཚད་མཐོ་བའི་རྒྱལ་སྤྱི་རང་བཞིན་གྱི་འགྲེམ་ཚོགས་ལ་འགྱུར་ནས། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་གི་མཉམ་སྐྲུན་ལ་སྐུལ་འདེད། དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བར་སྟེགས་བུ་གསར་པ་ཞིག་བསྐྲུན་རྒྱུ་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཡག་པོ་འབུལ་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
གསོལ་སྟོན་ནི་དགའ་སྤྲོའི་རྣམ་པའི་ཁྲོད་སྤེལ་བ་དང་། ཞི་ཅིན་ཕིང་གིས་རྒྱལ་ཁབ་ཁག་གི་འགོ་ཁྲིད་དང་མཛའ་བརྩེའི་གླེང་མོལ་གནང་ཡོད། རྒྱལ་ཁབ་ཁག་གི་སྐུ་མགྲོན་རྣམ་པས་མཛའ་གྲོགས་མཉམ་ལས་ལྷུག་གླེང་གནང་ཞིང་། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་སྐབས་དང་པོ་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུས་པ་དང་། རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ཏེ་མཉམ་དུ་གོང་འཕེལ་གཏོང་བ་དང་། འཛམ་གླིང་ཞི་བདེ་དར་རྒྱས་སྔར་ལས་ལྷག་པ་ཡོང་བའི་སྨོན་འདུན་ཞུས་གནང་ཡོད་པ་རེད།