“བོད་ཆིན་ཧི་མ་ལ་ཡ”གླེང་སྟེགས་སྐབས་གཉིས་པས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ཐབས་ཇུས་བཏོན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-06   རྩོམ་ཁུངས།    ཀྲུང་གོའི་བོད་ལྗོངས་དྲ་བ།

        ཉེ་ཆར། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཞིབ་འཇུག་ཁང་། ནན་ཅིང་སློབ་ཆེན། བོད་ལྗོངས་མི་རིགས་སློབ་ཆེན་གྱིས་མཉམ་འབྲེལ་ཐོག་གཙོ་གཉེར་གནང་ཞིང་། བོད་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་མཉམ་ལས་གསར་གཏོད་ལྟེ་གནས་ཀྱིས་གཉེར་འགན་འཁུར་པའི“མཐའ་མཚམས་བཅོས་སྐྱོང་སྟེ་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་། སྣོད་བཅུད་འཛུགས་སྐྲུན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྐབས་གཉིས་པའི“བོད་ཆིན་ཧི་མ་ལ་ཡ”གླེང་སྟེགས་དེ་ཧྲའན་ཤིས་ཞིང་ཆེན་ཞན་དབྱང་གྲོང་ཁྱེར་གྱི་བོད་ལྗོངས་མི་རིགས་སློབ་ཆེན་དུ་གཉེར་བ་རེད།

        དུས་ཡུན་ཉིན་གཅིག་དང་ཉིན་ཕྱེད་ཀྱི་གླེང་སྟེགས་ཀྱི་རིང་། ཚོགས་ཞུགས་ཆེད་མཁས་དག་གིས་ཏང་ཀྲུང་དབྱང་གི“བོད་སྐྱོང་ཐབས་ཕྱོགས”ལ་དམ་པོར་དམིགས་ཏེ་བོད་ཀྱི་འཕེལ་རྒྱས་དང་བརྟན་བརླིང་། སྣོད་བཅུད་བཅས་ཀྱི་དོན་ཆེན་གསུམ་ལ་དམ་དུ་སྦྲེལ་ནས་བོད་ཀྱི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་དེ་བཞིན་བོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་། ཐོན་ལས་འཕེལ་རྒྱས་། གནད་སྨིན་དབུལ་སྐྱོར་སོགས་ཀྱི་གནད་དོན་ལ་དཔྱད་བསྡུར་གཏིང་ཟབ་གནང་བ་དང་འབྲེལ་དེ་མཚུངས་ཀྱི་ཐབས་ཇུས་ཀྱང་བཏོན་པ་རེད། ཆིང་ཧྭ་སློབ་ཆེན་དང་ཀྲུང་གོའི་མི་དམངས་སློབ་ཆེན། ཧྥུའུ་ཏན་སློབ་ཆེན། ནན་ཅིང་སློབ་ཆེན། ཀྲུང་ཧྲན་སློབ་ཆེན་སོགས་ མཐོ་རིམ་སློབ་ཆེན་དང་སློབ་གླིང24དང་། གཞན་ཡང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། ཧྲའན་ཤིས་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་། ཡུན་ནན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་སོགས་སྡེ་ཚན12དང་ཚན་ཞིབ་ཁང་གི་ཆེད་མཁས་བརྒྱ་ཙམ་ཞན་དབྱང་དུ་མཉམ་འདུས་བྱུང་ནས་བོད་ཀྱི་གོང་འཕེལ་གྱི་ཇུས་ཆེན་ལ་གྲོས་བསྡུར་གནང་ཐོག བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ཞབས་འདེགས་ཞུ་ཆེད་ཐབས་འདོན་ཇུས་འདོན་གནང་པ་རེད། 

        དེའི་རྗེས་ཀྱི་གཙོ་དོན་གཏམ་བཤད་གནང་སྐབས། རྒྱལ་སྲུང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་ཧན་ཞུས་ཏུང་། ནན་ཅིང་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀྲུའུ་ཧྥུང་།  ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་སུན་ཧུང་ཉན། སི་ཁྲོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་ཐང་ལུའུ། བོད་ལྗོངས་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་པ་བསོད་ནམས་ཚེ་རིང་། ཀྲུང་གོའི་མི་དམངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་ཀྲང་ཧའེ་ཧྥེང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཏུའུ་ཡུང་པིན། བོད་ལྗོངས་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་ཉིའུ་ཀྲི་ཧྥུའུ། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཞིབ་འཇུག་པ་ཝང་ཝུན་ཧྥེང་སོགས་ཆེད་མཁས་དགུ་ཡིས་སོ་སོས་བོད་ཀྱིས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་འགག་གནད་རང་བཞིན་གྱི་ནུས་པ་ལྡན་པ། ཉོ་ཚོང་འཐབ་རྩོད་ཨ་རིའི་འབྲེལ་བ་དང་འཛམ་གླིང་གི་ཆབ་སྲིད་གནས་བབ་འགྱུར་སྟངས་གསར་པ། དུས་བབ་གསར་པའི་འོག་ཀྲུང་གོ་དང་བལ་བོ། རྒྱ་གར་གྱི་དཔལ་འབྱོར་བར་ཁྱམས་སྐྲུན་རྒྱུའི་བསམ་གཞི། བོད་ཀྱི་གནད་སྨིན་དབུལ་སྐྱོར་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་འཚོལ་ཞིབ་བྱེད་པ། མཐའ་མཚམས་བཅོས་སྐྱོང་ཁྲོད་ཀྱི་ཆོས་ལུགས་དོ་དམ་གྱི་གནད་འགག་ནི་གཙོ་ཁྲིད་གནང་རྒྱུ། སྨྱན་སྦྱོར་དུས་རབས་སུ་མི་རིགས་ཀྱི་བརྒྱུད་བསྒྲགས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་སྤྱི་ཚོགས་བཅོས་སྐྱོང་། དེང་རབས་བོད་བརྒྱུད་ནང་བསྟན་གྱིས་བོད་རིགས་ས་ཁུལ་གྱི་བཅོས་སྐྱོང་དེང་རབས་ཅན་སྐུལ་འདེད་གཏོང་པར་ཐེབས་པའི་ཤུགས་རྐྱེན། བོད་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་རིམ་པ་འཛུགས་སྐྱོང་མ་ལག་ཁྲོད་ཀྱི་གོ་གནས་དང་ལས་འགན། ལྗང་མདོག་སྔོན་འགོག་ཚོད་འཛིན་དང་སྐྱེ་ཁམས་ཞིང་ལས་བྱས་ནས་བོད་ཀྱི་གྲོང་གསེབ་དར་རྒྱས་སོགས་ཀྱི་གནད་དོན་ཐད་རིག་གཞུང་སྐོར་གྱི་ལྟ་བ་སྒྲོག་སྦྱོང་གནང་པ་རེད།

        ད་རེས་ཀྱི་གླེང་སྟེགས་ནི་བོད་རང་སྐྱོང་ལྗོངས་དེ་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག” འཛུགས་སྐྲུན་བྱེད་པའི་རྒྱབ་ལྗོངས་ཆེན་པོ་དང་མཐའ་མཚམས་བཅོས་སྐྱོང་བྱེད་པར་གཞིགས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་གལ་ཆེའི་རིགས་པའི་གཞུང་ལུགས་དང་དངོས་ཡོད་ཀྱི་གནད་དོན་ཁ་ཕྱོགས་པ། སྤྱི་ཚོགས་བཅོས་སྐྱོང་དང་གནད་འཁེལ་དབུལ་སྐྱོར། ཐོན་ལས་འཕེལ་རྒྱས། སྒོ་འབྱེད་འཕེལ་རྒྱས་སོགས་ཀྱི་ཐད་དུ་རིག་ཚན་སྣེ་འཛོམས་སྤེལ་རེས་དང་འཚོལ་ཞིབ་གཏིང་ཟབ་གནང་པ་རེད། ཚོགས་འདུ་ནི་མངོན་གསལ་ལྡན་པའི་བརྗོད་དོན་གཙོ་བོ་དང་མི་རིགས་ཀྱི་ཉམས་འགྱུར་ཟབ་མོ་ལྡན་པ། བོད་ཀྱི་ཁྱད་ཆོས་ཀྱི་ཕྱུགས་པ་བཅས་ཀྱིས་རྒྱལ་ནང་གི་རིག་ཚན་ཁྱབ་ཁོངས་མི་འདྲ་བའི་ཆེད་མཁས་དག་མཉམ་འཛོམས་བྱས་ཏེ་ཇུས་འདོན་ལག་བསྟར་བྱ་རྒྱུར་ཡིད་དབང་བཀུག་པ་རེད། ད་རེས་ཀྱི་གླེང་སྟེགས་ལ་རིག་གཞུང་ལས་རིགས་དང་སྤྱི་ཚོགས་ཡོངས་ཀྱིས་རྒྱ་ཁྱབ་ཏུ་དོ་ཁུར་གནང་གི་ཡོད་པ་རེད།

        “བོད་ཆིན་ཧི་མ་ལ་ཡའི་གླེང་སྟེགས” ནི་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་རིག་གཞུང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། མཐོ་སློབ་ཀྱི་རིག་མཛོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་པ། རྒྱལ་ཁབ་ཀྱི་བོད་སྐྱོང་ཇུས་ཆེན་བཅས་དང་དེ་བཞིན་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ཞབས་ཞུ་གནང་ཆེད་ཆེད་བཏོད་པའི་རྩེར་སོན་རིག་གཞུང་སྟེགས་བུ་ཤིག་ཡིན་ལ། ད་རེས་ཀྱི་གླེང་སྟེགས་གཉེར་རིང་། བོད་ལྗོངས་མི་རིགས་སློབ་ཆེན་གྱིས་ད་དུང་རིག་གཞུང་སྤེལ་རེས་དང་ལས་དོན་སྤེལ་རེས་བྱེད་སྒོ་ཇི་མང་སྤེལ་བ་རེད།  བོད་ཀྱི་རིག་གནས་རྒྱུན་འཛིན་འཕེལ་རྒྱས་གཏོང་བ།  མཐུན་སྦྱོར་གསར་གཏོད་ལྟེ་གནས་ཀྱི་ཞིབ་འཇུག་བྱ་གཞིར་ཚད་བཏོན་སྒྲུབ་འགན་འཁུར་པའི་ཆེད་མཁས་ཁ་ཤས་ཀྱིས་ད་དུང་ཞིབ་འཇུག་བྱ་གཞིར་བགྲོ་གླེང་གི་བྱེད་སྒོ་ཡང་སྤེལ་བ་རེད། །