དུས་ཚིགས་དང་པོ་ནས་གསུམ་པའི་བར་དུ་རང་ཁུལ་གྱི་དངུལ་རྩ་བརྟན་པོའི་ངང་འཁོར་སྐྱོད་བྱས་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        ཉེ་སྔོན། རང་ཁུལ་གྱིས་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་དཔལ་འབྱོར་དང་དངུལ་རྩའི་གནས་བབ་དབྱེ་ཞིབ་ཚོགས་འདུ་འཚོགས་པ་དང་། ཚོགས་འདུའི་ཐོག་རྒྱུས་ལོན་བྱུང་བར་ལྟ་ན། དུས་ཚིགས་དང་པོ་ནས་གསུམ་པའི་བར་དུ། ཁུལ་ཡོངས་ཀྱི་དངུལ་ཁང་ལས་རིགས་དང་དངུལ་རྩ་ལས་ཁུངས་དག་གིས་འགན་འཁྲི་ཧུར་ཐག་ངང་སྒྲུབ་ཡོད་པ་དང་། དབུལ་སྒྲོལ་འགག་སྒྲོལ་དང་ཁེ་ལས་ཆུང་ཕྲན། ཞིང་གསུམ་སོགས་ཀྱི་ཀུན་ཕན་དངུལ་རྩ་དར་འཕེལ་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད་དེ། རང་ཁུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལས་རྒྱལ་ཁ་ཐོབ་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་ལ་ཤུགས་ལྡན་གྱི་དངུལ་རྩ་རྒྱབ་སྐྱོར་བཏོན་པ་རེད།

        བསྡོམས་རྩིས་བྱས་པར་ལྟར་ན།དུས་ཚིགས་གསུམ་པའི་མཇུག་གི་བར་དུ། ཁུལ་ཡོངས་ཀྱི་དངུལ་ཁང་ལས་རིགས་དང་དངུལ་རྩ་ལས་ཁུངས་སུ་ནང་ཕྱི་དངུལ་གྱི་བཅོལ་དངུལ་ཁག་སོ་སོའི་ལྷག་གྲངས་སྒོར་དུང་ཕྱུར་328.18ཡོད་པ་དང་དངུལ་བུན་ཁག་སོ་སོའི་ལྷག་གྲངས་སྒོར་དུང་ཕྱུར་240.22ཡོད་པ། རིམ་རྩིས་བྱེད་བ་ལྟར་ན་རང་ཁུལ་གྱི་དབུལ་ཕོངས་རྫོང་ལ་དངུལ་བུན་སྒོར་དུང་ཕྱུར་50.74བཏང་བ་དང་། དབུལ་ཕོངས་དུད་ཚང་ལ་དངུལ་བུན་སྒོར་དུང་ཕྱུར་1.24བཏང་བ། ཁུལ་ཡོངས་ཀྱི་ཁེ་ལས་ཆུང་གྲས་ལ་དངུལ་བུན་སྒོར་དུང་ཕྱུར་17.08ཀྱི་རྒྱབ་སྐྱོར་བྱས་པ་དང་ན་ནིང་གི་དུས་མཚུངས་ལས་16.2%འཕར་ཡོད། ཁུལ་ཡོངས་ཀྱི་དངུལ་ཁང་ལས་རིགས་ཀྱིས་སྲིད་འཛིན་གྲོང་སྡེ་15ལ་ཁ་གཏད་རོགས་སྐྱོར་བྱས་པ་དང་དངུལ་ཟོག་སྒོར་ཁྲི་324.21ཞལ་འདེབས་འབུལ་བ། འབྲེལ་གཏུག་གྲོང་སྡེའི་ཐོན་ལས་དར་འཕེལ་ལ་ཡིད་རྟོན་དངུལ་བུན་སྒོར་ཁྲི་2840ཡི་རྒྱབ་སྐྱོར་བྱས་ཡོད། ཁུལ་ཡོངས་ཀྱིས་ཁེ་ལས་ཆུང་གྲས་ཀྱི་བུན་ལེན་རྩིས་ཐེམ་5552འཛུགས་པ་དང་ན་ནིང་གི་དུས་མཚུངས་ལས་890འཕར་ཡོད།  ཁུལ་ཡོངས་ཀྱི་ཞིང་འབྲེལ་དངུལ་བུན་སྒོར་དུང་ཕྱུར་165.64ལྷག་པ་དང་ན་ནིང་གི་དུས་མཚུངས་ལས་སྒོར་དུང་ཕྱུར་17.7འཕར་ཡོད་པ་རེད།

        དུས་ཚིགས་དང་པོ་ནས་གསུམ་པའི་བར་དུ། ཁུལ་ཡོངས་ཀྱི་དངུལ་ཁང་ལས་རིགས་ཉམས་ཉེན་སྤྱིའི་ཆ་ནས་ཚོད་འཛིན་བྱེད་ཐུབ་པ་དང་བརྟན་པོའི་ངང་འཁོར་སྐྱོད་བྱས་ཡོད། ལོ་ཧྲིལ་པོའི་དངུལ་རྩིས་དངོས་གཞིའི་དཔལ་འབྱོར་ལ་ཞབས་ཞུ་བྱེད་པ་དང་དངུལ་རྩའི་ཉེན་ཁ་སྔོན་འགོག་བྱེད་པ། དངུལ་རྩའི་བསྒྱུར་བཅོས་ཟབ་ཏུ་གཏོང་བ་བཅས་ཀྱི་དམིགས་འབེན་གསུམ་ལ་གཞིགས་ནས།  རང་ཁུལ་གྱི་དངུལ་ཁང་ལས་རིགས་ཀྱིས་དངོས་གཞིའི་དཔལ་འབྱོར་ལ་ཞབས་ཞུ་བྱེད་ཤུགས་ཆེར་གཏོང་བ་དང་། དངུལ་རྩའི་ཉེན་ཁ་སྔོན་འགོག་བྱེད་ཤུགས་ཆེར་གཏོང་བ། དངུལ་ཁང་ལས་རིགས་ཀྱི་ཁྲོམ་རའི་ཟང་ཟིང་ལེགས་བཅོས་ཤུགས་ཆེར་བྱེད་པ་དང་།  དངུལ་རྩ་བསྒྱུར་བཅོས་ཟབ་འཇུག་ཤུགས་ཆེར་གཏོང་བ་ཞེས་པའི་ཤུགས་ཆེན་བཞི་འདོན་པ་རེད།