རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-09   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།
ལྷ་མོའི་བླ་མཚོ་དང་བླ་མཚོའི་གནས་ཁང་གཉིས་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་ཁོངས་སུ་ཡོད་ལ།ལྷ་མོའི་བླ་མཚོ་ནི་མཐོ་ཡུལ་མ་ཞང་ཐོག་ནས་ལྷོ་ཕྱོགས་སུ་སྤྱི་ལེ35བསྐྱོད་པའི་མཚམས་སུ་གནས། ལྷ་མོ་གནས་ཁང་ནི་མདོ་གསུམ་ཞང་ཐོག་ནས་ཤར་ཏུ་སྤྱི་ལེ30ལྷག་གི་མཚམས་ན་ཡོད། ཡུལ་དེ་གཉིས་ཡུལ་ལྗོངས་ལྟ་ན་སྡུག་ལ་ལྷག་ཏུ་ངག་རྒྱུན་གྱིས་ཕྱུག་ཅིང་ངོ་མཚར་ལྡན་པ་ཞིག་ཡིན་པ་སྟེ།
ལྷ་མོའི་བླ་མཚོ།
སྙན་པའི་གྲགས་པ་མདོ་སྨད་དུ་ཁྱབ་པའི་ལྷ་མོའི་བླ་མཚོ་ནི། ལྷའི་དབང་བོས་ཕོ་བྲང་སྤྲུལ་ཏེ་བྱང་ཆུབ་སེམས་དཔའ་ཞིག་ལ་བཀུར་བསྟི་རྒྱ་ཆེན་མཛད་པའི་ཤུལ་དུ་སྤྲུལ་བ་རྣམས་ཀླུའི་ཕོ་བྲང་དུ་གྱུར་ཏེ། བླ་མཚོ་སྲིད་གསལ་རྒྱལ་མོ་འདི་བྱུང་བའི་ངག་རྒྱུན་ཡོད། ལྷ་མོའི་བླ་མཚོའི་ཤར་གྱི་གཡས་སུ་སྒྲོལ་མའི་གཡུ་མཚོ་དང་གཡོན་དུ་མགོན་པོའི་བླ་མཚོ། རྒྱབ་ཏུ་ཐུགས་རྗེ་ཆེན་པོའི་མཚོ། མ་ཎི་དུང་མཚོ། དེའི་རྒྱབ་ཏུ་རཀྟའི་མཚོ་ཆུང་སོགས་ཡོད། གཞན་དམ་པ་དུ་མས་ངོས་འཛིན་གནང་བའི་མཚོ་ཕྲན་དུ་མ་ཡོད། འདི་ལ་གཏེར་རྒན་རིན་པོ་ཆེའི་གནས་ཡིག་རྒྱས་པར། བླ་མཚོ་འདི་ནི་ཀླུའི་ཕོ་བྲང་ངོ་མཚར་བསམ་གྱིས་མི་ཁྱབ་པ་འདོད་འབྱུང་ནོར་བུའི་གཏེར་ཆེན་པོར་བཞུགས་པ་ཞིག་ཡིན་ཞེས་གསུངས་ཡོད་པར་བཤད།
རྗེ་གྲུབ་དབང་སྐལ་ལྡན་རྒྱ་མཚོ་མཆོག་གིས། གནས་འདི་ཡི་ཐག་ཉེའི་སྐྱེད་ཚལ་དུ། ། མཚོ་ཡིད་འོང་འཇའ་ཚོན་འཁྲིགས་པ་མང་། །སྒོས་དཀྱིལ་གྱི་མཐིང་སྐྱའི་མཚོ་ཞིག་ལ། ། སྐུ་ཕྱག་མཚན་གཟུགས་བརྙན་སྣ་ཚོགས་ཤར། །ཞལ་ཤར་དུ་ཕྱོགས་པའི་མཚོ་ཞིག་ལ། ། མཚན་དཔལ་ལྡན་ལྷ་མོའི་བླ་མཚོར་གྲགས། །རྗེ་བློ་བཟང་བསྟན་འཛིན་ཞལ་ལུང་ལས། ། མཚོ་མཇལ་ན་མཚོ་ཞལ་སྟོན་ནོ་གསུངས། །ཞེས་བསྔགས་པ་དང་། ཡང་རྗེ་དེ་ཉིད་ནས། སྟོད་དབུས་གཙང་དག་པའི་ཞིང་ཁམས་ན། ། མཚོ་འདི་འདྲའི་བྱིན་རླབས་ལྡན་པ་མང་། །སྨད་མདོ་ཁམས་ཨ་མདོའི་ས་ཆ་ན། །རྟགས་འདི་འདྲ་མངའ་བའི་མཚོ་མ་མཐོང་། །ཞེས་བསྔགས་པ་མཛད།
སློབ་དཔོན་ཞི་བ་ལྷའི་རྣམ་སྤྲུལ་རྒྱལ་སྲས་དོན་ཡོད་ཆོས་ཀྱི་རྒྱ་མཚོ་དང་རྒྱལ་སྲས་བློ་བཟང་བསྟན་འཛིན་རྒྱ་མཚོ། བ་སོ་རྗེ་དྲུང་། སྡེ་པ་ཆོས་རྗེ། སྟོང་འཁོར་མདོ་རྒྱུད་རྒྱ་མཚོ། འཇམ་དབྱངས་བཞད་པ་སྐུ་ཕྲེང་རིམ་བྱོན། གུང་ཐང་སྐུ་ཕྲེང་རིམ་བྱོན། ལཱ་ཁ་སྐུ་ཕྲེང་རིམ་བྱོན་སོགས་སྐྱེས་ཆེན་དམ་པ་མང་པོས་ཞབས་ཀྱིས་བཅགས་ཤིང་བྱིན་རླབས་མཛད་པ་མང་དུ་ཡོད།
གཏེར་རྒན་རིན་པོ་ཆེས་ཁོང་གི་རིག་མ་མཁའ་འགྲོ་ཀུན་དགའ་ཆོས་སྒྲོན་གྱི་རེ་བ་ལྟར་མཚོ་ལས་གཏེར་ཟོག་བླངས། གཏེར་ཟོག་ཆུ་གླང་གི་རྒྱུད་པ་དུས་ཕྱིས་བར་ཀུན་གྱིས་མཐོང་གསལ་དུ་གནས་སོ་ཞེས་ཤིང་བཟའ་རིན་པོ་ཆེས་བརྩམས་པའི《ཇི་གིན་གནས་ཡིག་དམ་པའི་གསུང་རྒྱུན་དྲི་མ་མེད་པ་བདུད་རྩིའི་རོལ་མཚོ》རུ་རྒྱས་པར་བཀོད་ཡོད།
བླ་མཚོའི་གནས་ཁང་།
རིན་པོ་ཆེས་དཀའ་བ་ཁྱད་དུ་བསད་དེ་མདོ་སྨད་དུ་ཕེབས་ནས་གནས་སྒོ་ཕྱེས། ཁོང་གཏེར་སྟོན་རིན་པོ་ཆེ་བླ་མཚོའི་ནང་ཕེབས་ནས་བྲག་ཧ་ར་ཆེ་ཞེས་པའི་ས་དེའི་ཉེ་སར་ཞག་བཞུགས་མཛད་པའི་མཚན་མོར་མཚན་ལམ་དུ་གནས་བདག་དཔལ་ལྡན་ལྷ་མོ་ཡིན་ཟེར་བ་ཞིག་གིས་གནས་འདི་ནི་དཔལ་འཁོར་ལོ་བདེ་མཆོག་གི་གནས་ཡིན་པས་སྒོ་འབྱེད་པའི་དུས་ལ་བབས། ཁྱོད་ཀྱིས་མདུང་འདིས་གནས་སྒོ་ཕྱེས་ཤིག་ཅེས་མདུང་ལྕགས་མེའི་ཚ་ཚ་འཕྲོ་བ་ཞིག་ཕྱག་ཏུ་གཏད་པ་རྨིས། ཕྱིས་ནངས་པར་མལ་ལས་སད་པ་ན། ཁོའི་མདུན་དུ་མདུང་ལྕགས་གདེར་མ་དང་ཐོ་བ་ཞིག་དངོས་སུ་བཞག་འདུག་པས། ཁོང་གིས་དཔལ་ལྡན་ལྷ་མོའི་ལུང་བསྟན་དུ་དགོངས་ཏེ་ཕྱག་ཏུ་བསྣམས་ནས་དཔོན་སློབ་རྣམས་བྲག་ཧ་ར་ཆེའི་ནང་ཕེབས་ནས་ཤ་རྭའི་ལབ་ཙེ་བརྩིགས་ཏེ་ལྷ་བསང་བཏང་། ས་འདུལ་གྱི་གར་སྟབས་སྣ་ཚོགས་མཛད་ནས་གནས་སྒོ་ལེགས་པར་ཕྱེས་པས་ངོ་མཚར་བའི་ལྟས་དུ་མ་བྱུང་། ནང་དུ་བྱོན་པ་ན་ཀླད་ཀྱི་བྲག་ངོས་སུ་རྒྱལ་བ་འོད་དཔག་མེད་དང་རྡོ་རྗེ་མཁའ་སྤྱོད་མའི་སྐུ་རང་བྱོན་ཚོན་གྱིས་བྲིས་པ་ལྟར་བཞུགས་པ་དང་། མཁའ་འགྲོའི་ཚོགས་ཁང་ངོས་ཀྱི་སྟེང་ཕྱོགས་ན་དཔལ་འཁོར་ལོ་སྡོམ་པའི་སྐུ་རང་བྱོན་སོགས་རང་བྱོན་སྣ་ཚོགས་བཞུགས་པ་ངོས་འཛིན་བྱས་ཏེ་བསྟན་འགྲོའི་ཆེད་དུ་གནས་ཆེན་འདིའི་གནས་སྒོ་ཕྱེས།
གནས་ཁང་འདིའི་ནང་གཞན་ད་རུང་མཁའ་འགྲོ་མའི་ཚོགས་བསྐོར་སའི་གཡང་གཞིའི་གཤོང་དུ་ཡི་མི་དོན་ལྔ་སྣོད་དྲུག་འབུར་དུ་དོད་ནས་རང་བྱོན་དུ་ཤར་བ་དང་། དེའི་གྱེན་ཟུར་གྱི་རྒྱབ་ཕྱོགས་སུ་དཔལ་འཁོར་ལོ་བདེ་མཆོག་འབུར་དུ་དོད་པ། ཀླད་ཀྱི་བྲག་ངོས་ན་རྟ་མཆོག་གི་རྣ། གཡོན་ཕྱོགས་ནས་ཡར་སོང་ན་རྗེ་ཡབ་སྲས་གསུམ་གྱི་དབུ་ཞྭ། དེའི་གཡས་ཟུར་ན་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ཐུགས་ཀ་ནས་གྲིབ་ཆུ་འབབ་པ་ཞིག་ཡོད། གཞུང་ན་བདུད་ཀྱི་མཆོད་རྟེན། དེའི་མར་ཟུར་ན་ལྷ་མོ་ཨུ་མས་ཚོགས་སྐོར་ས། དེ་ནས་ཚུར་འཁོར་ནས་མར་བབས་ན་མཁའ་འགྲོའི་བྲོ་ར། བདེ་བ་ཅན་གྱི་ཕོ་བྲང་། གཤིན་རྗེ་རྒྱལ་པོའི་ཁྲི། ཤེལ་གྱི་ཀ་བ་བརྒྱད་ཅུ། མཚེའུ་དང་སངས་རྒྱས་སྨན་བླའི་སྨན་རྐོ། བདུད་ཀྱི་མགོ་བོ་སོགས་ངོ་མཚར་བའི་རང་བྱོན་བཅས་ལྷ་སྒྲུང་ལ་སྦྱར་བའི་བཤད་པ་བརྗོད་ཀྱིས་མི་ལངས་པ་ཡོད།
ཁོ་བོ་ཐེངས་ཤིག་གནས་ཁང་དུ་མཇལ་བའི་སྐབས་ས་གང་ཡིན་ད་ལྟ་མི་དྲན་མོད། ཁུང་བུ་ཆུང་ཆུང་ཞིག་གི་ནང་དུ་ནུར་ནས་འགྲོ་སྐབས་འབུར་དུ་ཐོན་པའི་གསེར་ཉ་རང་བྱོན་ལག་མགོ་ཙམ་ལ་ཚོན་གྱིས་བྱུགས་པ་ལྟར་གསལ་བ་ཞིག་མཐོང་མོད། རྗེས་སུ་ཐེངས་འགར་བཙལ་ཀྱང་མ་རྙེད། དེ་ལྟ་བུའི་མིག་མཐོང་ལག་ཟིན་གྱི་རང་བྱུང་ངོ་མཚར་བའང་གྲངས་མེད་པ་ཡོད།
ངག་རྒྱུན་དུ་བྲག་ཁང་འདི་ཤིན་ཏུ་རིང་ལ་ར་ལག་གཉིས་ཡོད་པ་ལས་གཅིག་སྟོད་རྒྱ་གར་ལ་བརྟོལ་ཡོད་པ་དང་ཅིག་ཤོས་རྒན་གྱའི་བྲག་དཀར་གྱི་གནས་དང་འབྲེལ་ཡོད་པའི་བཤད་ཚུལ། གནས་ཁང་འདིར་རྒྱལ་དབང་བདུན་པ་བསྐལ་བཟང་རྒྱ་མཚོ་དང་འཇམ་དབྱངས་བཞད་པ་སྐུ་ཕྲེང་རིམ་བྱོན། ཤར་སྐལ་ལྡན་རྒྱ་མཚོ། རྒྱལ་སྲས་བློ་བཟང་བསྟན་འཛིན་རྒྱ་མཚོ། སྡེ་བ་ཆོས་རྗེ།སྟོང་སྐོར་མདོ་རྒྱུད་རྒྱ་མཚོ། གུང་ཐང་སྐུ་ཕྲེང་རིམ་བྱོན། ཁམས་ལཱ་ཁ་སྐུ་ཕྲེང་རིམ་བྱོན།ཆུ་བའི་རིག་འཛིན་ཆེན་མོ།སྒོམ་ཆེན་བློ་བཟང་བསྟན་འཛིན། ཞབས་དཀར་ཚོགས་དྲུག་རང་གྲོལ་སོགས་སྐྱེས་ཆེན་དམ་པ་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་རླབས་མཛད་པ་མང་དུ་ཡོད། །