ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-13   རྩོམ་ཁུངས།    ཤིན་ཧྭ་གསར་འགྱུར་ཁང་།

སྒྱུར་བཅོས་སྒོ་དབྱེ་མུ་མཐུད་བྱེད་པའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་ནས་གྲོང་ཁྱེར་གྱི་ནུས་རིམ་དང་ལྟེ་བའི་འགྲན་རྩོད་ནུས་པ་མགྱོགས་མྱུར་གོང་མཐོར་གཏོང་དགོས་ཞེས་ནན་བཤད་གནང་བ།

        ཟླ་11ཚེས་6དང་7ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་6ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་གིས་ཀྲང་ཅང་ཚན་རིག་གྲོང་གི་འགྲེམས་སྟོན་ཚོམས་ཆེན་དུ་རྟོག་ཞིབ་གནང་ནས་ཧྲང་ཧའེ་ཡི་ཚན་རྩལ་གསར་གཏོད་དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱས་ཚུལ་མཁྱེན་རྟོགས་གནང་བའི་གནས་ཚུལ་ཡིན་པ།

        ཟླ་11ཚེས་6དང་7ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་6ཉིན་གྱི་སྔ་དྲོ་ཞི་ཅིན་ཕིང་གིས་ཧྲང་ཧའེ་ལྟེ་བའི་ཐོག་བརྩེགས་ཁང་གི་ཐོག་སོ་22པའི་ལུའུ་ཅ་ཙུའེ་དངུལ་རྩའི་གྲོང་གི་ཏང་འཛུགས་སྐྱོང་ཞབས་ཞུའི་ལྟེ་གནས་སུ་མཉམ་འབྲེལ་ཐོག་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བཞིན་པའི་ཁེ་ལས་ཀྱི་ཏང་ཡོན་དང་བྱམས་བརྩེའི་གླེང་མོལ་གནང་བའི་གནས་ཚུལ་ཡིན་པ།

        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། སྒྱུར་བཅོས་སྒོ་དབྱེ་མུ་མཐུད་བྱེད་པའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མགྱོགས་མྱུར་སྐྲུན་པ། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པ། གྲོང་ཁྱེར་གྱི་ནུས་རིམ་དང་ལྟེ་བའི་འགྲན་རྩོད་ནུས་པ་མགྱོགས་མྱུར་གོང་མཐོར་གཏོང་བ་བཅས་བྱས་ཏེ་རྒྱལ་ཡོངས་ཀྱི་སྒྱུར་བཅོས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།

        ཟླ་11ཚེས་6དང་7ཉིན་ཞི་ཅིན་ཕིང་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོའི་འགོ་ཚུགས་མཛད་སྒོ་དང་འབྲེལ་ཡོད་བྱེད་སྒོར་ཞུགས་རྗེས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཆང་དང་ཧྲི་ཀྲང་དབྱིང་ཡུང་གི་ཕེབས་རོགས་འོག་ཧྲང་ཧའེ་ཡི་ཁེ་ལས་དང་། སྡེ་ཁུལ། གྲོང་ཁྱེར་འཁོར་རྒྱུག་ཕྱོགས་བསྡུས་དོ་དམ་ལྟེ་གནས། མཐོ་གསར་ཚན་རྩལ་གླིང་བཅས་སུ་ཕེབས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་དེང་སྐབས་ཀྱི་དཔལ་འབྱོར་དུས་བབ་དང་། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་དོ་དམ་དང་སྡེ་ཁུལ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐད་བརྟག་ཞིབ་གནང་བ་རེད།

        ལུའུ་ཅ་ཙུའེ་རུ་གནས་པའི་ཧྲང་ཧའེ་ལྟེ་བའི་ཐོག་བརྩེགས་ཁང་གི་འཛུགས་སྐྲུན་གྱི་སྤྱིའི་མཐོ་ཚད་སྨི་632ཡོད་པ་དེ་ནི་བསྐྲུན་ཟིན་པའི་ཀྲུང་གོའི་ཐོག་བརྩེགས་ཁང་དང་པོ་དང་འཛམ་གླིང་གི་ཐོག་བརྩེགས་ཁང་གཉིས་པ་ཡིན་ལ་ཧྲང་ཧའེ་ཡི་མཚོན་རྟགས་རང་བཞིན་ལྡན་པའི་སྐྲུན་དངོས་ཤིག་ཀྱང་རེད། 2007ལོར་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་ཕྱག་ལས་གནང་རིང་ཧྲང་ཧའེ་ཡི་ལྟེ་བའི་ཐོག་བརྩེགས་ཁང་འཛུགས་སྐྲུན་ལ་མཐོང་ཧ་ཅང་ཆེན་པོ་གནང་ནས་ལུའུ་ཅ་ཙུའེ་ས་ཁུལ་གྱི་ས་གནས་ས་ཐོག་ཏུ་བརྟག་ཞིབ་ཐེངས་མང་གནང་བ་དང་། ལུའུ་ཅ་ཙུའེ་ས་ཁུལ་གྱི་འཆར་འགོད་ལ་སྐུ་ངོ་མས་ཞིབ་འཇུག་གནང་བ། ཧྲང་ཧའེ་ཡི་ལྟེ་བའི་ཐོག་བརྩེགས་ཁང་གི་ཇུས་འགོད་དང་ཇུས་གཞིར་སྐུ་ངོ་མས་ཞིབ་བཤེར་གཏན་འབེབས་གནང་བ། འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་བཅས་གནང་ནས་ཧྲང་ཧའེ་ཡི་ལྟེ་བའི་ཐོག་བརྩེགས་ཁང་དེ་ལྗང་མདོག་དང་། རིག་ལྡན། རིག་སྐྲུན་བཅས་ཀྱི་རྒྱལ་སྤྱིའི་སྤུས་རྟགས་ལས་གྲྭ་རྩེ་གྲར་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད། ཐོག་བརྩེགས་ཁང་གི་ཐོག་སོ་22པའི་ལུའུ་ཅ་ཙུའེ་དངུལ་རྩའི་གྲོང་གི་ཏང་འཛུགས་སྐྱོང་ཞབས་ཞུའི་ལྟེ་གནས་ནི་ལུའུ་ཅ་ཙུའེ་ཡི་དངུལ་རྩའི་ཚོང་དོན་ཁུལ་གྱི་ཕྱོགས་བསྡུས་ཏང་ཨུད་ཀྱིས་བཙུགས་པའི་ཐོག་བརྩེགས་ཁང་གི་ཏང་འཛུགས་སྐྱོང་གི་གཡུལ་ས་ཞིག་རེད། ཚེས་6ཉིན་གྱི་སྔ་དྲོ་ཞི་ཅིན་ཕིང་དེ་གར་ཕེབས་ནས་ལྟེ་གནས་དེས་ཏང་འཛུགས་སྐྱོང་ལས་དོན་སོགས་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཏང་འཛུགས་སྐྱོང་གི་ཞབས་ཞུའི་ལྟེ་གནས་ཀྱི་བར་སྣང་མེ་ཏོག་ལྡུམ་རའི་བགྲོ་གླེང་སྤེལ་རེས་ཁུལ་དུ་ཁེ་ལས་3གྱི་ཏང་ཀྲི་པུའུ་ཡིས“ང་དང་དངུལ་རྩའི་གྲོང་མཉམ་དུ་འཚར་ལོངས་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་མཉམ་འབྲེལ་ཐོག་སྤེལ་བ་དང་ཞི་ཅིན་ཕིང་ཁོང་ཚོའི་ཁྲོད་དུ་ཕེབས་ནས་བྱམས་བརྩེའི་གླེང་མོལ་གནང་བ་རེད། ཞི་ཅིན་ཕིང་གིས་ཧྲང་ཧའེ་ཡིས་ལུའུ་ཅ་ཙུའེ་དངུལ་རྩའི་གྲོང་གི་ཐོན་ལས་བསྡུ་རུབ་དང་། ཁེ་ལས་གཅིག་སྡུད། ཤེས་ལྡན་པ་རྒྱ་ཁྱབ་ངང་མཉམ་འཛོམས་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏང་འཛུགས་སྐྱོང་ལས་ཀའི་བསམ་ཕྱོགས་དང་དཔེ་དབྱིབས་གསར་གཏོད་བྱས་ཏེ་ཐོག་བརྩེགས་ཁང་ནང་གི་དབང་བའི་ལམ་ལུགས་ཀྱི་ཁེ་ལས་སྣ་ཚོགས་ཀྱི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལ་སློབ་སྦྱོང་མཛུབ་ཁྲིད་དང་། དོ་དམ་ཞབས་ཞུ། བྱེད་སྒོའི་ལས་སྟེགས་བཅས་མཁོ་འདོན་བྱེད་པའི་བྱེད་ཐབས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཞི་ཅིན་ཕིང་གིས་ཏང་འཛུགས་སྐྱོང་ལས་ཀའི་དཀའ་གནད་གཞི་རིམ་དུ་ཡོད་ལ་བཀྲག་མདངས་འཚེར་སའང་གཞི་རིམ་དུ་ཡོད། དཔལ་འབྱོར་གྲུབ་ཆ་དང་ལས་ཞུགས་བྱེད་སྟངས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ་དང་སྦྲགས་དཔལ་འབྱོར་རྩ་འཛུགས་གསར་པ་དང་སྤྱི་ཚོགས་རྩ་འཛུགས་གསར་པར་ལས་ཞུགས་བྱེད་པའི་ཏང་ཡོན་ཇེ་མང་དུ་འགྲོ་གི་ཡོད་པས་དེའི་ཁྲོད་ཀྱི་ཏང་ཡོན་ལ་སློབ་གསོ་དང་དོ་དམ་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ནས་ཁོང་ཚོར་ནུས་པ་འདོན་སྤེལ་ཧུར་ཐག་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། གཞི་རིམ་ཏང་འཛུགས་སྐྱོང་གིས་ཕུལ་བྱུང་གི་སྲོལ་རྒྱུན་དར་སྤེལ་གཏོང་དགོས་པ་མ་ཟད་དུས་བསྟུན་འཕེལ་རྒྱས་བཏང་ནས་དུས་བབ་གསར་པ་དང་ཟམ་མི་ཆད་པར་བསྟུན་པ་དང་གཞི་རིམ་ཏང་འཛུགས་སྐྱོང་གི་ཁྱབ་ཁོངས་རྒྱ་ཆེར་བཏང་སྟེ་ཏང་ཡོན་གྱི་ལས་དོན་སྤེལ་ཡུལ་དང་འཚོ་བ་སྐྱེལ་ཡུལ་གང་དུ་ཡོད་པ་དེར་ཏང་རྩ་འཛུགས་ཁྱབ་ཐུབ་པ་བྱས་ཐོག་ཏང་ཡོན་གང་དུ་ཡོད་རུང་རྩ་འཛུགས་དང་ཁྱིམ་རྙེད་ཐུབ་པ་བྱེད་དགོས་ཞེས་བསྟན་གནང་བ་རེད།

        ཚེས་6ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་ཕུའུ་ཏུང་ཁུལ་གསར་གྲོང་ཁྱེར་འཁོར་རྒྱུག་ཕྱོགས་བསྡུས་དོ་དམ་ལྟེ་གནས་སུ་ཕེབས་ནས་བརྙན་ཡོལ་ཆེན་པོ་བརྒྱུད་ཧྲང་ཧའེ་གྲོང་ཁྱེར་གྱི་ཚགས་ཚུད་ཅན་གྱི་དོ་དམ་དང་རྒྱལ་སྤྱིའི་ཚོང་དོན་རྐྱང་པའི་སྐར་ཁུང་གི་གཉེར་སྐྱོང་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས་གྲོང་ཁྱེར་བཅོས་སྐྱོང་བྱེད་པ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ནང་དོན་གལ་ཆེན་ཞིག་རེད། གྲོང་ཁྱེར་རྩེ་གྲར་བཅོས་སྐྱོང་རྩེ་གྲ་དགོས་པ་དང་ཚན་རིག་ཅན་དང་། ཚགས་ཚུད་ཅན། རིག་ནུས་ཅན་བཅས་ཀྱི་ཐད་ཤུགས་སྣོན་རྒྱག་རྒྱུར་སྣང་ཆེན་བྱེད་དགོས། དེང་དུས་ཀྱི་ཚན་རྩལ་བྱེད་ཐབས་སྤྱོད་མཁས་པོ་བྱས་ཏེ་རིག་ནུས་ཅན་མངོན་འགྱུར་བྱེད་དགོས་པ་མ་ཟད། ཕར་ཆིན་རྒྱག་པ་ལྟ་བུའི་ཞིབ་ཚགས་དང་། ངང་རྒྱུད་རིང་པོ། ཐབས་མཁས་བཅས་བརྒྱུད་ཚགས་ཚུད་ཅན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་གྲོང་ཁྱེར་གྱི་སྤུས་ཚད་སྤུས་རྟགས་གཏོད་དགོས། ཧྲང་ཧའེ་ཡིས་མུ་མཐུད་འཚོལ་ཞིབ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་ཧ་ཅང་ཆེན་པོ་དོ་དམ་བྱེད་པའི་ལམ་བུ་གསར་པར་བསྐྱོད་ནས་གྲོང་ཁྱེར་དོ་དམ་བྱེད་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

        ཀྲང་ཅང་ཚན་རིག་གྲོང་ནི་ཧྲང་ཧའེ་ཚན་རྩལ་གསར་གཏོད་ལྟེ་གནས་ཀྱི་ལྟེ་བའི་ཁུལ་དང་རྒྱལ་ཁབ་རིམ་པའི་ཚན་རྩལ་མཐོ་ས་ཡིན་པའི་ངོས་ནས་ཚན་རིག་ཆེན་པོའི་སྒྲིག་བཀོད་དང་། ཚན་རིག་ལས་སྟེགས། གསར་གཏོད་རྣམ་པའི་ཁང་དང་སུའོ་རྩེ་གྲ་བཅས་འབོར་ཆེན་ཞིག་གཅིག་སྡུད་བྱས་ཡོད། འགྲེམས་སྟོན་ཚོམས་ཆེན་ནང་ཞི་ཅིན་ཕིང་གིས་ཚན་རིག་གྲོང་གི་འཕེལ་རྒྱས་ལོ་རྒྱུས་དང་དེའི་འཆར་འགོད་འཛུགས་སྐྲུན་གནས་ཚུལ་གྱི་ངོ་སྤྲོད་གསན་གནང་བ་དང་། ཚན་རིག་ཆེ་མོའི་སྒྲིག་བཀོད་དང་། འདུས་གྲུབ་གློག་ལམ། མཁའ་སྐྱོད་དང་འཇིག་རྟེན་འཕུར་སྐྱོད། སྐྱེ་དངོས་གསོ་བ་རིག་པ་སོགས་ཀྱི་འགྲེམས་ཁུལ་དུ་གཟིགས་སྐོར་གནང་བ་རེད། ཞི་ཅིན་ཕིང་གིས་དེ་གར་ཡོད་པའི་ཚན་རྩལ་ལས་དོན་མི་སྣ་དང་བྱམས་བརྩེའི་གླེང་མོལ་གནང་བ་དང་། ཁོང་གིས་ཚན་རིག་ལག་རྩལ་གྱིས་ད་ཆ་བཞིན་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ལ་ཤུགས་རྐྱེན་གཏིང་ཟབ་དེ་ལྟ་བུ་ཐེབས་མྱོང་མེད་ལ། ད་ཆ་བཞིན་མི་དམངས་ཀྱི་འཚོ་བའི་བདེ་རྩར་ཡང་ཤུགས་རྐྱེན་གཏིང་ཟབ་དེ་ལྟ་བུ་ཐེབས་མྱོང་མེད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འགག་རྩའི་དུས་དེར་ཚན་རྩལ་གསར་གཏོད་ཀྱི་དགོས་གཏུགས་ཀྱི་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་སྟེ་ཚན་རྩལ་གསར་གཏོད་དེ་གནས་བབ་དེ་བས་གལ་ཆེན་ཐོག་བཞག་ནས་འགག་རྩའི་སྐབས་སུ་འབད་འཐབ་བྱས་ཏེ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་སྒུལ་ནུས་གསར་རྙིང་མགྱོགས་མྱུར་བརྗེ་བའི་ཁྲོད་ཀྱི་ཚན་རྩལ་གསར་གཏོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས། ཚན་རྩལ་གསར་གཏོད་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་སྲིད་ཇུས་བྱ་ཐབས་དོན་འཁྱོལ་ནན་ཏན་བྱས་ཏེ་རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་ཐད་ཤུགས་སྣོན་རྒྱག་པ་དང་། ཐོག་མའི་གསར་གཏོད་ནུས་པ་གོང་མཐོར་གཏོང་བ། ཁེ་ལས་ཀྱི་བྱེད་པོའི་ནུས་པ་འདོན་རྒྱུར་མཐོང་ཆེན་བྱེད་པ། ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། གསར་གཏོད་ཤེས་ལྡན་མི་སྣར་བརྩི་འཇོག་བྱེད་པ། གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ། གསར་དར་ཐོན་ལས་དང་གསར་གཏོད་རྣམ་པའི་ཁེ་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་མགྱོགས་སུ་གཏོང་བ། གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        ཚེས་7ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཧྲང་ཧའེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་དོན་སྙན་ཞུ་གསན་ནས་ཧྲང་ཧའེ་ཡི་ཕྱོགས་ཁག་གི་ལས་དོན་ལ་ཁས་ལེན་གནང་བ་དང་། ཁོང་གིས་ཧྲང་ཧའེ་ཡིས་རྒྱལ་ཡོངས་ཀྱི་སྒྱུར་བཅོས་སྒོ་དབྱེའི་གདོང་དམག་དང་། གསར་གཏོད་འཕེལ་རྒྱས་ཀྱི་སྔོན་སྐྱོད་པ་མུ་མཐུད་ཡག་པོ་བྱས་ཏེ་ལས་འགན་ལྕི་ཤོས་འཁུར་ཕོད་པ་དང་། མཁྲེགས་ཤོས་ལ་གཏུགས་ཕོད་པ་བྱས་ནས་ལམ་འབྱེད་གདོང་ལེན་དང་། དཔེ་སྟོན་སྣེ་ཁྲིད། འགག་སྒྲོལ་ཚད་བརྒལ་ཐུབ་པ་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་རྒྱལ་ཡོངས་ཀྱི་སྒྱུར་བཅོས་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ཐུགས་རེ་གནང་བ་རེད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱ་རྒྱུ་ནི་རྔ་རྡུང་དར་འཕྱར་བཞིན་ལས་སླ་པོ་ཞིག་གཏན་ནས་མིན་པར་ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་བྱེད་དགོས་པ་ཞིག་རེད། ང་ཚོ་མདུན་ལམ་ཧ་ཅང་ཆེན་པོ་ལྡན་པའི་ལོ་རྒྱུས་ཀྱི་གོ་སྐབས་བཟང་པོ་ཞིག་ཏུ་སྔར་བཞིན་གནས་ཡོད་པ་མ་ཟད། མདུན་ལམ་འོད་ཟེར་སྟོང་ལྡན་ཡིན་ལ་འགྲན་སློང་ཡང་ཧ་ཅང་ཛ་དྲག་པོ་ཡོད།

        ད་ཆ་རང་རྒྱལ་འཕེལ་རྒྱས་འགྲོ་བའི་ཕྱི་རོལ་གྱི་ཁོར་ཡུག་ལ་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ནས། རང་རྒྱལ་གྱི་དཔལ་འབྱོར་མགྱོགས་པོ་འཕར་བའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་བསྒྱུར་ཏེ་འཕེལ་རྒྱས་དོ་མི་སྙོམས་པ་དང་གང་ལེགས་མ་བྱུང་བའི་གནད་དོན་དང་དེ་བཞིན་དུས་འཁོར་གྱི་རང་བཞིན་དང་། གྲུབ་ཆའི་རང་བཞིན། སྒྲིག་སྲོལ་གྱི་རང་བཞིན་བཅས་རྒྱུ་རྐྱེན་མང་པོ་ཞིག་གིས་ལས་ཀའི་དཀའ་ཚད་ཆེ་རུ་སོང་ཡོད། འོན་ཀྱང་ང་ཚོས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་སེམས་ནུས་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་བྱ་བ་ཡག་པོ་བསྒྲུབས་ཚེ་གཏན་འཁེལ་བྱས་པའི་དམིགས་ཚད་མངོན་འགྱུར་ཡོང་ངེས་རེད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ནས་ཧྲང་ཧའེ་ཡིས་གནས་བབ་གལ་ཆེན་བཟུང་ཡོད། ཧྲང་ཧའེ་ཡི་ལས་དོན་ཡག་པོ་སྒྲུབ་པར་སྤྱི་ཡོངས་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས་ལྡན་དགོས་པས་རྒྱལ་ཡོངས་ལ་ཞབས་འདེགས་ཞུ་རིང་ཧྲང་ཧའེ་འཕེལ་རྒྱས་ཡོང་བར་བྱེད་དགོས། ཞི་ཅིན་ཕིང་གིས་ཧྲང་ཧའེ་ལ་ཕྱོགས་ལྔའི་ཐད་ཀྱི་ལས་ཀའི་བླང་བྱ་བཏོན་གནང་བ་སྟེ།

        གཅིག་ནས་རྒྱལ་ཡོངས་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་སྔར་བས་ལེགས་པར་ཞུ་དགོས། ཧྲང་ཧའེ་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་ཁུལ་གསར་འཛུགས་པ་དང་། ཧྲང་ཧའེ་དངུལ་འཛིན་ཉོ་ཚོང་ཁང་དུ་ཚན་རྩལ་གསར་གཏོད་ལེ་ཚན་བཏོད་པ་དང་ཐོ་འགོད་ལམ་ལུགས་ཚོད་ལྟ་དང་འབྲེལ། འབྲི་ཆུའི་ཟུར་གསུམ་ཁུལ་ས་ཁོངས་གཞི་གཅིག་ཅན་འཕེལ་རྒྱས་ཡོང་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་ལེན་བསྟར་རྒྱུ་བཅས་ཀྱི་ལས་འགན་གསར་པ་གལ་ཆེན་གསུམ་ལེགས་སྒྲུབ་ཡག་པོ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུའི་བླང་བྱ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་ཧྲང་ཧའེ་འཕེལ་རྒྱས་ཡོང་བའི་འཐབ་ཇུས་ཀྱི་ལེགས་ཆ་གཏོད་དགོས།

        གཉིས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་གཏོང་དགོས། སྤུས་ཚད་རྩ་འགྱུར་དང་། ལས་ཆོད་རྩ་འགྱུར། སྒུལ་ཤུགས་རྩ་འགྱུར་བཅས་ལ་རང་འགུལ་ངང་སྐུལ་མ་བཏང་ནས་གྲོང་ཁྱེར་གྱི་དཔལ་འབྱོར་ཟབ་ཚད་ཆེ་རུ་གཏོང་བ་དང་གཏོང་སྒོ་དང་ཐོན་འབབ་ཀྱི་ལས་ཆོད་མཐོ་རུ་གཏོང་བའི་ཐད་འབད་བརྩོན་དང་། གོ་ལ་ཧྲིལ་པོའི་ཐོན་ཁུངས་བཀོད་སྒྲིག་གི་ནུས་པ་ཆེར་གཏོང་ཐད་འབད་བརྩོན། སྲིད་གསར་འབྱུང་ཁུངས་གསར་གཏོད་ཀྱི་ནུས་པ་ཆེར་གཏོང་ཐད་འབད་བརྩོན་བྱེད་པ་བཅས་ལ་བརྟེན་ནས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས། འཛམ་གླིང་གི་ཚན་རྩལ་གསར་ཤོས་ལ་དམིགས་ནས་ཚན་རྩལ་གསར་གཏོད་ཀྱི་སྔ་བལྟས་ཕྱི་བསམ་གྱི་བཀོད་པར་ཤུགས་སྣོན་རྒྱག་པ་དང་། འགག་རྩའི་ཁྱབ་ཁོངས་སུ་དམིགས་པ། སྟོབས་ཤུགས་ཧྲག་པོ་གཅིག་སྡུད་བྱེད་པ་ལ་བརྟེན་ནས་ཚད་བརྒལ་ཆེན་པོ་སྔ་ཙམ་ཡོང་བར་བྱས་ཏེ་གསར་གཏོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྟོབས་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས།

        གསུམ་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཕྱོགས་སུ་གོང་འཕེལ་ཡོང་བར་སྐུལ་མ་གཏོང་དགོས། བསམ་བློ་སྔར་བས་བཅིངས་འགྲོལ་བཏང་ནས་འགྱུར་ལྡོག་གནད་འཁེལ་དབྱེ་འབྱེད་དང་། ཚན་རིག་དང་མཐུན་པའི་ངང་བབ་བསྟུན་ཡོང་བ་བྱེད་པ། རང་འགུལ་ངང་འགྱུར་ལྡོག་ཡོང་རེ་བྱེད་པ་བཅས་ཀྱིས་བཀག་རྒྱ་དང་བསམ་བློའི་གོམ་སྟབས་ཀྱི་འཆིང་རྒྱ་མཐའ་གཅིག་ཏུ་སེལ་བ་དང་། ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལ་སྐུལ་མ་གཏིང་ཟབ་གཏོང་བ། མ་ལག་འདུས་གྲུབ་ལ་ཤུགས་སྣོན་རྒྱག་པ། གཞུང་ཁོངས་རྒྱུ་ནོར་དང་། གཞུང་ཁོངས་ཁེ་ལས། དམངས་གཉེར་དཔལ་འབྱོར། ཚོང་དོན་ལམ་ལུགས། སྤྱི་ཚོགས་ཀྱི་ཡིད་རྟོན། ཤེས་ལྡན་པ་འཕེལ་རྒྱས། གྲོང་ཁྱེར་དོ་དམ། དམངས་འཚོ་འགན་ལེན་སོགས་ཀྱི་སྒྱུར་བཅོས་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ་སྒྱུར་བཅོས་ཕྱོགས་བསྡུས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། མ་རྩའི་ཁྲོམ་རའི་སྒྱུར་བཅོས་ཟབ་ཏུ་བཏང་ནས་རང་སའི་ཚན་རྩལ་གསར་གཏོད་ཀྱི་ཁེ་ལས་དེ་བས་མང་བའི་ཡིད་དབང་བཀུག་ནས་འཕེལ་རྒྱས་སྟོབས་ཆེར་གཏོང་དགོས་པ།

        བཞི་ནས་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་གཏིང་ཟབ་ཏུ་གཏོང་དགོས། སྤྱི་ཚོགས་བཅོས་སྐྱོང་གི་སྤྱི་ཚོགས་ཅན་དང་། ཁྲིམས་སྐྱོང་ཅན། རིག་ནུས་ཅན། ཆེད་ལས་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་བྱ་བ་ཆུང་ཙག་ལ་འབད་བརྩོན་དང་ཕན་འབྲས་ལ་དེ་བས་གཙིགས་ཆེན་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་དང་། མཉམ་སྐྲུན་མཉམ་སྐྱོང་མཉམ་སྤྱོད་མཐའ་འཁྱོངས། གཙོ་གནད་གཤམ་སྒྱུར་དང་སྟོབས་ཤུགས་གཙོ་བོ་གཞི་རིམ་དུ་ཕྱོགས་པ་མཐའ་འཁྱོངས་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ལས་ཞུགས་དང་། སློབ་གསོ། སྨན་བཅོས། རྒན་གསོ་སོགས་ཀྱི་གནད་དོན་མངོན་གསལ་དོད་པོ་གཙོ་གནད་ཐག་གཅོད་ཡག་པོ་བྱས་ནས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་དང་སྤུས་ཚད་ཟམ་མི་ཆད་པར་གོང་མཐོར་བཏང་སྟེ་མང་ཚོགས་ལ་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཡོད་པར་བྱེད་དགོས།

        ལྔ་ནས་ཏང་འཛུགས་སྐྱོང་གི་སྤུས་ཚད་དང་ཆུ་ཚད་གོང་མཐོར་གཏོང་དགོས་ཤིང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་ནན་ཏན་བྱེད་པ་དང་། ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་ཀྱིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། ནན་པོ་གཙོ་བོར་འཛིན་པ་དང་། ཕྱོགས་ཡོངས་ནས་ནན་པོ། ནན་པོ་དཔྱིས་ཕྱིན་པ་བཅས་མཐའ་འཁྱོངས་བྱས་ཏེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱེད་དགོས། དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་ལག་ལེན་བསྟར་ནས་ཆབ་སྲིད་ཀྱི་ཚད་གཞི་ཚད་གཞི་ཨང་དང་པོར་བརྩི་བ་མཐའ་འཁྱོངས་ཀྱིས་ལྷག་བསམ་རྣམ་དག་དང་། དྭངས་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱས་ནས་ལས་བྱེད་པའི་དཔུང་ཁག་གི་ཆབ་སྲིད་ཐད་ཡིད་ཆེས་ཆོག་པ་དང་། བློས་འགེལ་ཆོག་པ། བློ་བདེ་ཡོང་བ་བཅས་ཀྱི་འགན་ལེན་བྱེད་དགོས།