སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་སློབ་གཞིའི་ཆེད་དོན་གྲོས་ཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-16   རྩོམ་ཁུངས།    ཁམས་པའི་དྲ་བ།

ལྗོངས་ཞིང་ལྔའི་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་སློབ་གཞི་རྩོམ་སྒྱུར་དང་དཔེ་སྐྲུན། འགྲེམ་སྤེལ་ཆེད་དོན་གྲོས་ཚོགས་ཁྲི་འདུ་རུ་འཚོགས།



        ༢༠༡༨ལོའི་སྤྱི་ཟླ་༡༡པའི་ཚེས་༡༤ཉིན། ལྗོངས་ཞིང་ལྔའི་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་སློབ་གཞི་རྩོམ་སྒྱུར་དང་དཔེ་སྐྲུན། འགྲེམ་སྤེལ་ཆེད་དོན་གྲོས་ཚོགས་དེ་ཁྲི་འདུ་རུ་འཚོགས།ཐེངས་འདིའི་གྲོས་ཚོགས་ནི་ལྗོངས་ཞིང་ལྔའི་བོད་རིགས་སློབ་གསོ་མཉམ་ལས་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་གཙོ་སྒྲུབ་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་སི་ཁྲོན་ཞིན་ཧྭ་བིན་ཤན་དཔེ་སྐྲུན་གཏོང་སྦྱོར་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་གཉིས་ཀྱིས་འགན་སྒྲུབ་བྱས། སློབ་གསོ་པུའུ་མི་རིགས་སློབ་གསོ་སུའོ་དང་བོད་ལྗོངས། མཚོ་སྔོན།སི་ཁྲོན་ཞིང་ཆེན་བཅས་ཀྱི་སློབ་གསོ་ཐིང་། ལྗོངས་ཞིང་ལྔའི་སློབ་གསོ་ཐིང་གི་མི་རིགས་སློབ་གསོ་ཁྲུའུ། བོད་རང་སྐྱོང་ལྗོངས་སློབ་གཞི་རྩོམ་སྒྱུར་ལྟེ་གནས་དང་། མཚོ་སྔོན་མི་རིགས་སློབ་གཞི་རྩོམ་སྒྱུར་ལྟེ་གནས། ལྗོངས་ཞིང་ལྔའི་བོད་རིགས་སློབ་གསོ་མཉམ་ལས་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། མཚོ་སྔོན་དང་སི་ཁྲོན། ཀན་སུའུ་བཅས་ཀྱི་མི་རིགས་དཔེ་སྐྲུན་ཁང་། དེ་བཞིན་བོད་ལྗོངས་དང་མཚོ་སྔོན། སི་ཁྲོན། ཀན་སུའུ་བཅས་ཞིང་ཆེན་བཞིའི་ཞིན་ཧྭ་དཔེ་ཚོང་ཁང་སོགས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་ལས་བྱེད་རྣམས་བསྡོམས་པས་མི་གྲངས་༤༥ལྷག་ཚོགས་ཞུགས་གནང་ཡོད།

        ཚོགས་ཐོག་ཏུ་ཉེ་བའི་ལོ་ངོ་གཉིས་ཀྱི་རིང་གི་སློབ་གཞིའི་རྩོམ་སྒྱུར་དང་དཔེ་སྐྲུན། འགྲེམ་སྤེལ་གནས་ཚུལ་གྱི་ལས་ཀའི་སྙན་ཞུ་ཕྱོགས་བསྡོམས་བྱས་པར་མ་ཟད། དཔེ་སྐྲུན་ཁང་དང་སློབ་གཞིའི་རྩོམ་སྒྱུར་ལྟེ་གནས།ཞིན་ཧྭ་དཔེ་ཚོང་ཁང་བཅས་ལས་ཁུངས་ཁག་གི་སོ་སོའི་ལས་ཀའི་གནས་ཚུལ་སྙན་ཞུ་ཕུལ།  ཚོགས་ཐོག་ཏུ་ད་དུང་《ལྗོངས་ཞིང་ལྔའི་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་སློབ་གཞིའི་རྩོམ་སྒྱུར་དང་དཔེ་སྐྲུན། འགྲེམ་སྤེལ་གྲོས་མཐུན་ཡིག་ཆའི》ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་དང་། 《ལྗོངས་ཞིང་ལྔའི་འོས་འགན་སློབ་གསོའི་བོད་ཡིག་སློབ་ཁྲིད་ཀྱི་ཚད་གཞི》བསྐྱར་ཞུས་མའི་གནས་ཚུལ་ཀྱི་བརྡ་ཁྱབ་བཏང་།  

        གྲོས་ཚོགས་ཐོག་སྙན་ཞུ་བྱས་པ་ལྟར་ན། ད་ལྟའི་བར་གསར་དུ་རྩོམ་སྒྱུར་གནང་བའི་མཐོ་འབྲིང་གི་བོད་ཡིག་སྦྱང་གཞིའི་ལྷན་ཐབས་དང་།དབུ་ཅན་དབུ་མེད་ཀྱི་ཡིག་གཟུགས་ཀྱི་འབྲི་དེབ་རིགས་མི་འདྲ་བ་༦༢རྩོམ་སྒྲིག་དང་དཔེ་སྐྲུན་ལེགས་འགྲུབ་བྱུང་ཡོད་སྐོར་དང་། ༢༠༡༧ལོའི་མཐོ་འབྲིང་སློབ་ཁྲིད་ཀྱི་ཚད་གཞི་དང་རིག་ཚན་སོ་སོའི་སློབ་གཞི་རྩོམ་སྒྱུར་བྱ་བར་ཞིབ་འཇུག་བྱས་ཏེ་ཡིག་སྒྱུར་གྱི་ཁ་བྱང་གཏན་འཁེལ་བྱས། དེ་མིན་སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་པའི་འོག་ཇི་ལྟར་མུ་མཐུད་ནས་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་སློབ་གཞི་རྩོམ་སྒྱུར་དང་དཔེ་སྐྲུན། འགྲེམ་སྤེལ་བྱ་བའི་ཕྱོགས་ལ་བགྲོ་གླེང་ལྷུག་པོར་གནང་།

       ཐེངས་འདིའི་གྲོས་ཚོགས་བརྒྱུད་ལྗོངས་ཞིང་ལྔའི་བོད་ཡིག་སློབ་གཞིའི་བྱ་བཞག་གོམ་གང་མདུན་སྤོས་ཀྱིས་སྐུལ་འདེད་དང་། མཉམ་ལས་ལ་ཤུགས་སྣོན། སྔར་བས་ལྷག་པའི་སྒོ་ནས་ལས་ཁུངས་ཁག་གི་དགེ་མཚན་རྩལ་འདོན་བཅས་བགྱིས་ཏེ། དུས་རབས་གསར་པའི་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་སློབ་གཞི་འཛུགས་སྐྲུན་བྱ་བར་རྨང་གཞི་ཡག་པོ་བསྐྲུན་ཡོད་དོ།།