རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-18   རྩོམ་ཁུངས།   
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཡུན་ནན་ཞིང་ཆེན་ཁོར་ཡུག་ལྟ་ཞིབ་སྤྱི་ཁྱབ་རུ་ཁག་ནས་ཤེས་རྟོགས་བྱུང་བར། ཡུན་ནན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱིས་ཉིན་ཤས་གོང་དུས་ཡུན་ཉིན་8ཀྱི་བརྒལ་མཚམས་གཙང་པོའི་ཁོར་ཡུག་སྲུང་སྐྱོང་ལ་མཉམ་དུ་ཁྲིམས་བསྟར་བྱེད་སྒོ་སྤེལ་ནས་ཁོར་ཡུག་གི་གནད་དོན་ལྷག་པའི་ཁེ་ལས་4ལ་ཞིབ་བཤེར་ཐག་གཅོད་བྱས་པ་རེད།
《ཡུན་བོད་གཉིས་ཀྱི་བརྒལ་མཚམས་གཙང་པོའི་ཆུའི་སྦགས་བཙོག་ཁོར་ཡུག་ལ་མཉམ་དུ་ཁྲིམས་བསྟར་བྱ་རྒྱུའི་གྲོས་མཐུན》ལྟར། ཡུན་བོད་གཉིས་ཀྱི་ཁོར་ཡུག་ལྟ་ཞིབ་སྤྱི་ཁྱབ་རུ་ཁག་སོགས་ཚན་པ་8ཀྱིས་མི་ཐེངས་120མངགས་ནས་ཞིང་ཆེན་དང་ལྗོངས་གཉིས་འབྲེལ་མཚམས་ཀྱི་འབྲི་ཆུའི་ཆུ་སྤུས་དང་། ཆུ་ཤུགས་གློག་ཁང་དང་བཙོག་ཆུ་གཙང་གསིང་བཟོ་གྲྭ་སོགས་བཟོ་ལས་དང་ཁེ་ལས་ཁག་གི་ཁོར་ཡུག་སྲུང་སྐྱོང་སྒྲིག་བཀོད་འཁོར་སྐྱོད་དང་། སྦགས་བཙོག་དངོས་རིགས་ཕྱིར་འབུད། འཕྲལ་སྡོམ་སོགས་ཀྱི་གནས་ཚུལ་ལ་གཙོ་གནད་ཞིབ་བཤེར་བྱས་ཤིང་། ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱས་པ་ལས་ཁེ་ལས་4ལ་ཚད་གཞི་མི་འདྲ་བའི་ཁོར་ཡུག་གནད་དོན་ལྷག་ཡོད་པ་ཤེས་རྟོགས་བྱུང་བས་ཁྲིམས་བསྟར་མི་སྣས་འབྲེལ་ཡོད་ཁེ་ལས་ལ་འཕྲལ་དུ་དག་ཐེར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
རི་ཉིལ་ནས་འབྲི་ཆུ་འགགས་ཏེ་འཁྱིལ་མཚོ་ཆགས་པའི་བོད་ཀྱི་དོན་རྐྱེན་ལ་དམིགས་ནས། ཡུན་བོད་ཕྱོགས་གཉིས་ཀྱིས་ས་ཁོངས་བརྒལ་བའི་འཕྲལ་སྡོམ་མཉམ་འགུལ་ལས་དོན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ། འཕྲལ་སྡོམ་ནུས་པ་འཛུགས་སྐྱོང་ལ་མཉམ་དུ་སྐུལ་འདེད་གཏོང་བ། ཁོར་ཡུག་ལྟ་འདོམས་རྨང་གཞི་བརྟན་དུ་གཏོང་བ་སོགས་ཀྱི་ཐད་ལས་ཀའི་བསམ་ཕྱོགས་དང་བྱེད་ཐབས་བཏོན་པ་མ་ཟད། ད་དུང་ཁ་གཏད་གཅོག་ཐབས་དང་ཐབས་ཇུས་ཞིབ་འཇུག་ཀྱང་བྱས་པ་རེད།
གསར་འགོད་པར་ཤེས་རྟོགས་བྱུང་གསལ། ཡུན་བོད་གཉིས་ཀྱིས་ཁྱིམ་མཚེས་ཀྲོའུ་དང་གྲོང་ཁྱེར་རིམ་པའམ་ཡང་ན་རྫོང་རིམ་པས་སྣེ་འཁྲིད་པའི་ལས་ཀའི་ལམ་སྲོལ་བཙུགས་ནས་དུས་ངེས་ཅན་དང་ངེས་མེད་ངང་ས་གནས་ས་ཐོག་གི་མཉམ་དུ་ཁྲིམས་བསྟར་དང་ཁོར་ཡུག་འཕྲལ་སྡོམ་མཉམ་འགུལ་གྱི་ལས་དོན་སྤེལ་ཏེ། ཁྲིམས་བསྟར་ཚད་གཞི་དང་། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་དོ་དམ། ཆ་འཕྲིན་མཉམ་སྤྱོད་སོགས་ཀྱི་ཐད“མཉམ་སྲུང་། མཉམ་འགོག མཉམ་བཅོས། མཉམ་སྐྲུན”བཅས་ཀྱི་ས་ཁོངས་ལས་བརྒལ་བའི་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་ཕུགས་ཕན་ལམ་སྲོལ་ཞིག་ཆགས་པར་བྱ་རྒྱུ་ཡིན་པ་རེད། །