མྱི་ཟུར་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་ཁུལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        མྱི་ཟུར་ནི་རྒྱལ་ཐང་ཡུལ་གྱི་སྲོལ་རྒྱུན་རིག་གནས་ཀྱི་རྫོང་མཐུག་ཅིང་། ཁོར་ཡུག་ཀུན་ཏུ་གངས་རི་དང་ནགས་རི།  སྤང་རི།  རྫ་རིས་བརྒྱན་པའི་ཡུལ་ཐུན་མོང་མ་ཡིན་པ་ཞིག་ཡིན།   གནས་འདིའི་མི་རྣམས་ནི་རང་བཞིན་དྲང་ལ་ལས་ལ་བརྩོན་པ་དང་།   རོང་འབྲོག་མཉམ་གཉེར་གྱིས་སྔར་ནས་བརྒྱུད་པའི་གནའ་བོའི་རིག་གནས་དང་འཚོ་བ།  ལག་རྩལ་སོགས་རྒྱུན་འཛིན་དང་དར་སྤེལ་བྱེད་པར་བརྩོན་གྱི་ཡོད།

         2009ལོའི་ཟླ8པར།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལུའོ་ཅི་ཤང་མྱི་ཟུར་བོད་རིགས་གྲོང་ཚོ་ནི་ཡུན་ནན་ཞིང་ཆེན་སྲིད་གཞུང་གིས་སྐབས་གཉིས་པའི་ཞིང་ཆེན་རིམ་པའི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་ཁུལ་དུ་བདམས་པར་ཁྱབ་བསྒྲགས་བྱས་པ།

        མྱི་ཟུར་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་བྱང་ཤར་ཕྱོགས་སུ་ཆགས་ཡོད།   ཤར་ནི་འདབ་པ་རྫོང་གི་སྟོང་ཉེ་གྲོང་ཚོ་དང་མུ་ལི་རྫོང་གི་ཨུ་ཡ་ཤང་དང་འབྲེལ་ཡོད།   ལྷོ་ནི་ལུའོ་ཅི་ཤང་གི་ཡན་ལུའོ་གྲོང་ཚོ་དང་འབྲེལ་ཡོད།   ནུབ་ནི་རྒྱལ་ཐང་གྲོང་རྡལ་དང་འབྲེལ་ཡོད།  བྱང་ནི་རང་རྫོང་གི་སྐད་ཚག་ཤང་དང་འབྲེལ་ཡོད།   སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ75ཡོད་ལ།   རྒྱ་མཚོའི་ངོས་ལས་ཆ་སྙོམས་མཐོ་ཚད་སྨི2705ཡིན།  ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད་ཏུའུ20ཡིན།  སྣོད་བཅུད་ཀྱི་བཀོད་པ་ཚར་དུ་དངར་བས་འདི་ལ་ཀུན་གྱིས་འཛམ་གླིང་སྐྱེ་ཁམས་ཀྱི་གྲོང་ཚོ་དང་པོ་ཞེས་འབོད་སྲོལ་ཆགས་ཡོད།

        མྱི་ཟུར་ནི་བོད་རིགས་རྐྱང་བའི་གྲོང་ཚོ་ཞིག་ཡིན།   ཐོན་སྐྱེད་འཚོ་བའི་རྣམ་པ་དང་།    སྡོད་ཁང་གི་འཛུགས་སྐྲུན།   ཆོས་ལུགས་དད་མོས།  དམངས་སྲོལ་རིག་གནས་ཕྱོགས་ཡོངས་ལ་གནའ་བོའི་རིག་གནས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་བྱས་ཡོད། 

        མྱི་ཟུར་ཡུལ་གྱི་མི་རྣམས་ཀྱིས་སྔར་ནས་བརྒྱུད་པའི་གདོད་མའི་ཆོས་ལུགས་ཏེ།   བོན་ལ་དད་མོས་བྱེད་ཀྱི་ཡོད།  རང་བྱུང་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པར་འདུ་ཤེས་ཟབ་མོ་ཞིག་བཟུང་ཡོད།  དུས་ཡུན་རིང་བོར་ཞིང་འབྲོག་མཉམ་ལས་ཀྱི་འཚོ་བ་ནི་ཆོས་ལུགས་དང་འབྲེལ་བ་ཟབ་མོ་བྱུང་ཡོད་ཅིང་།  མྱི་ཟུར་ཡུལ་དུ་སྔར་ནས་བརྒྱུད་པའི་བོན་གྱི་ལི་ཐོ་བརྩི་ལུགས་དར་ཡོད། 

        མྱི་ཟུར་བས་སྐྱེ་དངོས་ཀུན་ལ་སེམས་དང་ལྡན་པར་འདོད་ཡོད།   རང་བྱུང་ཁམས་ནི་ཚེ་སྲོག་ཀུན་གྱི་འབྱུང་ཁུངས་ཡིན་པས།  འདི་ལ་བརྟེན་ནས་རང་བྱུང་ཁམས་ལ་དད་མོས་དང་གསོལ་འདེབས་གནང་བའི་གོམས་གཤིས་ཆགས་ཡོད།  མྱི་ཟུར་བས་གནས་རི་དང་ཡུལ་ལྷ་གཞི་བདག་སོགས་ལ་དད་གུས་བླ་མེད་བྱེད་ཀྱི་ཡོད།   དཔེར་ན་འཕགས་མོ་གནས་དང་དར་རྒྱས་གནས་སོགས་ཡོད།

        མྱི་ཟུར་རུ་ས་གནས་ཀྱི་ཁྱད་ཆོས་མངོན་པར་ལྡན་པའི་བྱེད་སྒོ་ཕུན་སུམ་ཚོགས་པ་ཞིག་ཡོད།  ཐོན་སྐྱེད་དང་རོལ་རྩེད་ཀྱི་རྣམ་པའི་ཆ་མང་བོར་ཕྱི་རོལ་ཡུལ་གྱི་ཤུགས་རྐྱེན་ཐེབས་པ་ཅུང་ཉུང་བས་གདོད་མའི་ཁྱད་ཆོས་ཀྱིས་ཕྱུག་ཡོད།  ཡུལ་འདི་ཡི་དུས་ཆེན་ལ་་བདུན་པའི་བཅོ་ལྔ་དང་།  རི་སྐྱབས་རྟ་རྒྱུག་སོགས་བྱེད་སྒོ་མང་པོ་ཞིག་སྤེལ་རྒྱུ་ཡོད། 

        གཞན་ཡུལ་འདི་ནི་གླུ་གར་གྱི་རྒྱ་མཚོར་ངེས་ཏེ།  རྫི་གླུའི་འགྱུར་ཁུགས་ནི་རྣ་བར་སྙན་ཞིང་ཡིད་སེམས་གསོ་ངེས་ལ། གཞན་ཡང་གནའ་ནས་བརྒྱུད་པའི་སྐོར་བྲོ་རྩེད་སྲོལ་ནི་ད་ལྟའི་དུས་ལ་ཡང་མ་ཉམས་པར་རྒྱུན་འཛིན་དང་དར་སྤེལ་གཏོང་བཞིན་ཡོད།

        དུས་ཡུན་རིང་བོའི་འབྲོག་ལས་འཚོ་བས་ཡུལ་འདིའི་མི་རྣམས་ནི་བལ་འཐག་ལས་རིགས་དང་འབྲེལ་བ་ཟབ་མོ་བྱུང་དུ་བཅུག་ཡོད།  ད་ལྟའི་དུས་ལ་ཡང་གནའ་བོའི་འཐག་ལས་ལག་རྩལ་མང་པོ་ཞིག་གི་རྒྱུན་བཟུང་ཡོད།   མྱི་ཟུར་གྱི་འཐག་ལས་ནི་བདེ་ཆེན་ཡུལ་དུ་མིང་གྲགས་ཆེན་པོ་བྱུང་ཡོད།    འཐག་ལས་ཀྱི་ཐོན་རྫས་ནི་མྱི་ཟུར་བའི་ཐོན་སྐྱེད་འཚོ་བའི་ཁྲོད་ཆེས་མེད་དུ་མི་རུང་བའི་ཡོ་བྱད་དུ་གྱུར་ཡོད།   ཐག་པ་དང་གདན། གོན་པ་སོགས་ནི་རང་གི་འཐག་ལས་ལ་བརྟེན་ནས་དགོས་མཁོ་སྐོང་ཐུབ་ཀྱི་ཡོད།   གྲོང་ཚོའི་ནང་གི་རྒན་པ་རྣམས་ཀྱིས་གནའ་བོའི་འཐག་ལས་ལག་རྩལ་འདི་གཞོན་རབས་པ་རྣམས་ལ་ཁྲིད་ནས་རྒྱུན་འཛིན་གཏོང་བར་ནུས་པ་མི་དམན་པ་འདོན་བཞིན་ཡོད།