གངས་ཅན་ལྗོངས་ཀྱི་རི་བོ་གྲགས་ཅན་སྐོར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-25   རྩོམ་ཁུངས།   

        གངས་དཀར་ཏི་སེ། གངས་ཏི་སེའམ་གངས་རིན་པོ་ཆེ་ནི། བོད་རང་སྐྱོང་ལྗོངས་ཀྱི་སྤུ་ཧྲེང་རྫོང་གི་བྱང་རྒྱུད་དུ་ལྷུན་ཆགས་སུ་ཡོད་ཅིང་། རྒྱ་མཚོའི་ངོས་ལས་རྨིད་དྲུག་སྟོང་དྲུག་བརྒྱ་ང་དྲུག་གིས་མཐོ་བ་ཡོད། གནས་འདིར་ལོ་ངོ་སྟོང་ཕྲག་མང་པོའི་གོང་ནས་ནང་པ་སངས་རྒྱས་པ་དང་། ཕྱི་རོལ་རིག་བྱེད་པ་སོགས་ཀྱིས་ངོས་འཛིན་ཚུལ་མི་འདྲ་བ་བྱུང་ཡོད། དེ་ཡང་གནས་འདི་ཉིད་ཏི་སེར་ངོས་བཟུང་ཚུལ་ནི། 《མདོ་སྡེ་ཕལ་པོ་ཆེ་》དང་《དྲན་པ་ཉེར་བར་བཞག་པའི་མདོ་》སོགས་ནས་ཏི་སེའི་རི་བོ་རྡོ་རྗེ་རྩེ་ལྔ་པའི་དབྱིབས་ཅན་གནམ་ཕངས་དཔག་ཚད་ལྔ་བརྒྱ་ཡོད་པ་སོགས་གསུངས་པ་དང་། དེ་ལྟ་བུའི་གངས་རི་གང་ན་ཡོད་སྙམ་ན། 《ཆོས་མངོན་པ་མཛོད་》ལས། འདི་ནས་བྱང་དུ་རི་ནག་པོ་དགུ་འདས་པ་དེ་ནི་གངས་རིའོ། །ཞེས་སོགས་གསུངས་པའི་དོན《མཛོད་འགྲེལ》ལས། འཛམ་བུ་གླིང་འདི་ཉིད་ན་རི་ནག་པོ་དགུ་འདས་པའི་ཕ་རོལ་ན་གངས་རི་ཡོད་དོ། །གངས་རི་དེའི་ཕ་རོལ་རི་སྤོས་ངད་ལྡན་གྱི་ཚུར་རོལ་ན་མཚོ་མ་དྲོས་པ་ཞེས་བྱ་བ་ལས་ཆུ་བོ་ཆེན་པོ་བཞི་སྟེ་གངྒཱ་དང་། སིནྡྷུ་དང་། སི་ཏ་དང་། པཀྵུ་བཅས་འབབ་པ་ཡོད་དོ། །ཞེས་དང་། 《པད་མའི་ལུང་བསྟན་བཀའ་རྒྱ་མ》ལས་གངས་ཏི་སེ་ཤེལ་གྱི་མཆོད་རྟེན་འདྲ་བའི་ཤར་ཕྱོགས་སུ་ཤངས་ཀྱི་ཟ་ཕུ་ལུང་ཡོད་པར་གསུངས་པ་དང་། 《བློན་པོ་བཀའ་ཐང་》ལས། རྡོ་རྗེ་གདན་ནས་བྱང་ཕྱོགས་བཅལ་བ་ན། །རི་ནག་དགུ་འདས་ཕ་རོལ་གངས་ཏི་སེ། །ཞེས་འབྱུང་བ་དང་། དཔལ་ལྡན་ཨ་ཏི་ཤ་མངའ་རིས་ཀྱི་རྒྱལ་པོ་ལྷ་བཙུན་བྱང་ཆུབ་འོད་ཀྱིས་གུ་གེར་གདན་དྲངས་སྐབས། ཏི་སེའི་མདུན་བར་ཁའི་ཐང་དུ་ཕེབས་སྐབས། ཇོ་བོ་རྗེའི་ཞལ་ནས། ཏི་སེའི་གངས་ནས་གནས་བརྟན་རྣམས་གདུགས་ཚོད་ཀྱི་གཎྜི་རྡུང་བྱུང་། རང་རེ་ཡང་གུང་གི་དྲོ་གྱིས་ཤིག་ཅེས་གསུངས་པ་སོགས་རྒྱ་བོད་ཀྱི་པཎ་གྲུབ་སུས་ཀྱང་ཏི་སེ་ཞེས་པ་ནི་བོད་ཀྱི་འདི་ལ་ངོས་འཛིན་པ་ཡིན། གནས་ཁྱད་པར་ཅན་འདི་ནས་འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་ནས་རྗེ་དཀོན་མཆོག་ཕན་བདེ་ཉི་མའི་བར་གངས་ཏི་སེའི་རིག་པ་འཛིན་པ་མཁན་རྡོར་འཛིན་དང་འབྲི་གུང་པའི་གྲུབ་མཐའ་འཛིན་པའི་དགེ་འདུན་གྱི་སྡེ་མ་ཆད་པ་བྱུང་། ཁྱད་པར་དུ་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་སྒྲུབ་གནས་སུ་གྱུར་སྐབས། རྗེ་མར་པའི་ལུང་བསྟན་ལྟར་མི་ལ་རས་པས་གནས་འདིར་སྒྲུབ་པ་ཡུན་རིང་མཛད། དེ་བཞིན་དུ་འབྲི་གུང་སྤྱན་སྔ་ཤེས་རབ་འབྱུང་གནས་དང་། གྲུབ་ཐོབ་སེངྒེ་ཡེ་ཤེས།རྒོད་ཚང་པ།པཎ་ཆེན་བློ་བཟང་ཆོས་རྒྱན། ཞབས་དཀར་པ་སོགས་མང་པོས་ཞབས་ཀྱིས་བཅཊ་མྱོང་།

        གངས་ཏེ་སེའི་སྟེང་གི་ཨ་ཕུག་ཏུ་གྲགས་པ་ནི་རྗེ་མི་ལས་བྲུས་ཤིང་ཨ་ཡིག་བཀོད་པར་བཤད་ལ། ཏི་སེའི་མདུན་གྱི་ལ་སྔགས་ཞེས་བྱའི་མཚོ་ཆེན་པོ་མི་ལྤགས་ཀྱི་གཡང་གཞིའི་རྣམ་པ་ཅན་ཞིག་ཡོད་པ་ནི། ཇི་སྐད་དུ། སྲིན་ཡུལ་ལངྐ་པུ་རི་ན། །དུག་མཚོ་ནག་པོ་མེ་རེ་རེ། །ཞེས་གསུངས་པ་ལྟར་ཡེ་ཤེས་མགོན་པོ་བེང་ཆེན་ལྕམ་དྲལ་གྱི་ཕོ་བྲང་ཡིན་པར་གསུངས། ཏི་སེའི་ཕྱོགས་བཞི་ན་ཡོད་པའི་ཞབས་རྗེས་བཞི་ནི་མགོན་པོ་བེང་གིས་གངས་ཏི་སེ་འདི་ཀླུ་ཡུལ་དུ་གདན་འདྲེན་པར་བྱའོ་སྙམ་དུ་བསམས་ནས་རྫུ་འཕྲུལ་གྱིས་ཏི་སེའི་སྐེད་པ་ལ་ཐག་པ་བརྒྱབ་ནས་འཁུར་བར་བརྩམས་པ་ན། རྒྱ་གར་འཕགས་པའི་ཡུལ་ནས་སྟོན་པ་འཁོར་བཅས་ངང་བའི་རྒྱལ་པོ་བཞིན་འཕུར་ནས་ཕེབས་ཏེ་ཕྱོགས་བཞི་ལ་ཞབས་རྗེས་རེ་བཀོད་པས་གདན་འདྲེན་མ་ནུས་པར་ལུས་པས། ད་ལྟའང་དེ་བཞི་ལ་ཏི་སེ་མི་འགྱུར་པའི་གཟེར་བཞི་ཞེས་གྲགས།

        རི་བོ་ཉི་ཟླ།  རི་བོ་ཉི་ཟླར་འབོད་པ་ནི། མཚོ་སྔོན་ཞིང་ཆེན་གྱི་མཚོ་སྔོན་པོའི་ཤར་ཕྱོགས་ཀྱི་སྤྱི་ལེ་བཞི་བཅུའི་མཚམས་ན་ཡོད་ཅིང་། ད་ལྟ་སྣང་བའི་ཉི་ཟླའི་ལྷ་ཁང་གཉིས་ནི་ལོ་རབས་བརྒྱད་ཅུ་པའི་དུས་མགོར་བཞེངས་པ་ཡིན། བོད་མིའི་ངག་རྒྱུན་དུ། རྒྱ་ནག་ནས་སྲོང་བཙན་ལ་བཙུན་མོ་བསུ་དུས། མགར་སྟོང་བཙན་གྱིས་ཀོང་ཇོས་ཡུལ་དང་ཡབ་ཡུམ་མི་དྲན་པའི་ཐབས་སུ་རྫོང་སྐལ་རྡོ་ལ་གསེར་ཚོས་བྱུགས་པའི་ཉི་ཟླ་རྫུན་མ་ཞིག་ཁྱེར་ནས་གནས་འདིའི་ཉག་ཁར་ཐོན་འཕྲལ་སྤྱན་གཟིགས་ཞུས། དེར་བརྟེན་ནས་ཀོང་ཇོ་ཡབ་ཡུམ་ལ་ཡིད་ཆད་དེ་བློ་རྩེ་གཅིག་གིས་བོད་དུ་ཕེབས་པའི་སྐོར་མང་དུ་བཤད་རྒྱུ་ཡོད། འཆད་ཚུལ་འདི་བོད་རིགས་དམངས་ཁྲོད་ཀྱི་ངག་རྒྱུན་དང་སྒོ་བསྟུན་ནས་བཀོད་པ་ལས། ངེས་པར་བདེན་དགོས་པ་མ་ཡིན་ཏེ། རྒྱ་ནག་གི་ཡིག་ཚང་སྔ་ཤོས་སུ་གྲགས་པ་《རི་ཆུའི་བསྟན་བཅོས་》ལས་རི་བོ་ཉི་ཟླ་ཞེས་པའི་མཚན་འདི་གསལ་བར་འབྱུང་བས། དེ་ཞ་དབྱི་ཞེས་པའི་སྐྱེས་བུ་དེས་བརྩམས་པའི་དབང་དུ་བཏང་ན་མི་ལོ་སྟོང་ཕྲག་ཁ་ཤས་ཀྱི་སྔོན་ནས་རི་འདི་ལ་མིང་དེ་ལྟར་ཐོགས་པར་གསལ། གཞན་ཡང་ཡུལ་འདི་གནའ་དེང་གང་གི་སྐབས་སུའང་རྒྱ་བོད་ཀྱི་ཚོང་འགྲུལ་རྒྱུ་ལམ་དུ་གྱུར་པའི་ཕྱིར་ཉི་ཟླ་དཔང་དུ་བཞག་སྟེ་རྒྱ་བོད་ཞི་མཐུན་གྱི་རྡོ་རིང་བཞེངས་མྱོང་བའི་སྔོན་བྱུང་གི་ལོ་རྒྱུས་ཤིག་ལས་མིང་དེ་ལྟར་ཐོགས་པ་ཡིན་པར་ཡང་སྲིད་དོ། །

        ཨ་མྱེས་དར་རྒྱལ། ཨ་མྱེས་དར་རྒྱལ་དུ་འབོད་པའི་རི་བོ་འདི་ནི། མདོ་སྨད་ཡུལ་དུ་ཆེས་མཐོ་ཤོས་སུ་བརྩི་བའི་རི་རྒྱུད་ཅིག་ཡིན་ཞིང་། གཞི་བདག་ཆེས་གཉན་ཅན་ཨ་མྱེས་དར་རྒྱལ་གནས་པའི་རི་ཡིན་པས་ན་རི་མིང་ཡང་དེ་ལྟར་ཐོགས་པར་བཤད། རི་དེ་ནི་ད་ལྟའི་མཚོ་སྔོན་ཞིང་ཆེན་ཞུན་ཧྭ་རྫོང་རྡོ་སྦིས་ལུང་བའི་མགོ་དང་། ཀན་སུའུ་ཡི་ཀ་ཆུ་གྲོང་ཁྱེར་གྱི་ལྷོ་ནུབ་ཀྱི་ཚོང་ལམ་ཕྱོགས་ན་ཡོད།རི་བོ་དེ་དར་རྒྱལ་དུ་གྲགས་ལ། དོན་དུ་ད་རྒྱལ་ཡིན་ཚོད་དུ་སྣང་། དེ་ཡང་མིང་ཇི་ལྟར་ཐོགས་ལུགས་ནི་ཏུན་ཧོང་གཏེར་ཡིག་ལས། གླང་གི་ལོ་(སྤྱི་ལོ་653)ལ་བབ་སྟེ་བཙན་པོ་ཉེན་ཀེར་ན་བཞུགས་ཤིང་། བློན་ཆེ་སྟོང་བཙན་གྱིས། གཡུག་ཏུ་གནག་ལིངས་བཏབ། ད་རྒྱལ་མང་པོ་རྗེས་ཞིང་གི་འཕྱིང་རིལ་བགྱིས། མདོ་སྨད་དུ་ཀམ་ཁྲི་བཟང་བྱེ་འདའ་ཐོང་མྱིས་བཀུམ་སྟེ་ཤ་གཉེརད་ཕར་ལོ་གཆིག་ཅེས་བཀོད་པར་དཔྱད་ན། ད་རྒྱལ་མང་པོ་རྗེ་ནི་བོད་རྒྱལ་སྲོང་བཙན་སྒམ་པོའི་བློན་ཆེན་གྱི་གྲས་ལས་གཅིག་ཡིན་ཞིང་། སྤྱི་ལོ་653ལོ་ནས་བློན་ཆེན་སྟོང་བཙན་དང་མཉམ་དུ་བཙན་པོའི་རྒྱལ་ཁབ་སྐྱོང་བའི་སྲིད་ཀྱི་འགན་ཆེན་པོ་ཕྲག་ཏུ་བཞེས་ཏེ་ཞིང་ལས་ཀྱི་ཁྲལ་བསྡུས་ཤིང་། ལོ་དེར་མདོ་སྨད་དུ་བྱུང་བའི་ཀམ་ཁྲི་བཟང་བྱེ་འདའ་ཞེས་པའི་དགྲ་ངན་དེ་བློ་རིག་པས་ཚར་གཅོད་བྱས་པར་གསལ། དེ་ནས་ལོ་དྲུག་འགོར་བའི་རྗེས་ཀྱི་གནས་ཚུལ་དེ་ཏུན་ཧོང་གཏེར་ཡིག་ལས། ལུག་གི་ལོ་(སྤྱི་ལོ་659)ལ་བབ་སྟེ་བཙན་པོ་སྤྲགས་ཀྱི་ཤ་ར་ན་བཞུགས་ཤིང་བློན་ཆེན་སྟོང་བཙན་འ་ཞ་ཡུལ་ན་མཆི་སྟེ། ད་རྒྱལ་མང་པོ་རྗེས། མཚོ་ནག་སྟོང་རུར། རྒྱ་སེའུ་དེན་པང་དང། ནོལ་ཐབས་བགྱིས་ཏེ། ད་རྒྱལ་གྱང་གུམ་ཤིང་བརྒྱད་ཁྲི་སྟོང་ལ་རྡུགས་ཕར་ལོ་གཆིགཅེས་བཀོད་པ་དེ་ལས། ད་ལྟའི་དུང་རི་མཚོ་བྱ་བར་བློན་ད་རྒྱལ་མང་པོ་རྗེས་གདོང་དམར་བོད་ཀྱི་དམག་དཔུང་ཆིག་སྟོང་ལྷག་གི་རུ་འདྲེན་བྱས་ཏེ། རྒྱ་དམག་ཁྲི་ཕྲག་བརྒྱད་ཙན་ལ་རྒོལ་རྡུང་བཏང་སྟེ། གཡུལ་ལས་རྒྱལ་བའི་རྒྱལ་ཁ་ཆེན་པོ་བླངས་མཐར། རང་ཉིད་ཀྱང་ཐེངས་དེའི་དམག་འཁྲུག་གི་ཁྲོད་དུ་སྟབས་མ་ལེགས་པར་གཅེས་སྲོག་བློས་བཏང་མཛད་པ་གསལ། བློན་ཆེན་ཁོང་གཤེགས་རྗེས། རྗེས་འབྲངས་དམག་མི་རྣམས་ཀྱིས་ཁོང་གི་རླབས་ཆེན་གྱི་གཟུགས་བརྙན་དེ་ནམ་ཡང་མི་བརྗེད་པར་བྱེད་ཆེད། སྐབས་དེའི་ལུགས་སྲོལ་བཞིན་ད་ལྟའི་རི་ཆེན་འདིའི་སྟེང་དུ་རྡོའི་བང་སོ་བཏབ། རྗེས་སུ་སྐྱུང་ཚ་དམག་དཔོན་དང་ཁྲོ་ཙ་དམག་དཔོན་གཉིས་ཀྱིས་དར་རྒྱལ་རྡོ་མཁར་ནས་རྒྱ་དམག་ནག་རི་སྒང་བར་དེད་ཅེས་པའི་ལོ་རྒྱུས་ཡོད། ཕྱིས་སུ་ཨ་མྱེས་དར་རྒྱལ་ཞེས་གཞི་བདག་ཏུ་བཀུར་སྲོལ་བྱུང་སྟེ་ཆེས་གཉན་ཅན་གྱི་ཡུལ་ལྷར་གྱུར་པ་རེད།

        གནས་མཆོག་ཁ་བ་དཀར་པོ། གནས་མཆོག་ཁ་བ་དཀར་པོ་ནི། ད་ལྟའི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་དཀར་ཆེམ་གངས་རིའི་ནུབ་སྣེར་བརྗིད་ཆགས་ངང་ཡོད་པའི་ལྷ་སྲས་གངས་དཀར་གྱི་རྩེ་མོར་ཀྲོང་ངེར་འགྱིངས་ཡོད་ཅིང་། དེ་ནི་བོད་ལྗོངས་དང་ཡུན་ནན་དབར་གྱི་ས་མཚམས་ཡིན། བོད་མི་རྣམས་ཀྱིས་དགྲ་ལྷ་བཅུ་གཉིས་ཞེས་བཀུར་བ་དེའི་གནས་མཆོག་ཏུ་གྱུར་གཤིས་དད་ལྡན་ཀུན་གྱི་མཆོད་ཡུལ་དུ་གྱུར་ཡོད་ལ། དེང་གི་དུས་སུ་བདེ་ཆེན་ས་ཁུལ་དུ་གྲགས་ཆེ་བའི་ལྗོངས་རྒྱུ་ལྟ་སྐོར་བྱ་ཡུལ་ཞིག་ཏུའང་གྱུར་འདུག ངོ་མཚར་དཔལ་གྱིས་འཁྱུད་པའི་རི་རྩེ་ཁ་བ་དཀར་པོ་དེ་རྒྱ་མཚོའི་ངོས་ལས་རྨིད་དྲུག་སྟོང་བདུན་བརྒྱ་དང་བཞི་བཅུ་ཡིས་མཐོ་བ་ཡོད་པ་དང་། དེ་དང་ཉེ་བའི་ཁོར་ཡུག་རི་རྒྱུད་དུ་རྒྱ་མཚོའི་ངོས་ལས་རྨིད་ལྔ་སྟོང་ལྷག་གིས་མཐོ་བའི་གངས་རི་ལྔ་བཅུའང་ཕྲེང་བར་བསྟར། གངས་རིའི་རྒྱུད་དུ་སྤྱི་ལེ་གྲུ་བཞི་མ་དོན་གསུམ་ལྷག་རིང་བའི་མི་ལོང་འཁྱག་དང་། གསལ་བ་འཁྱག ཉིན་པོ་འཁྱག་ཅེས་ལུང་ཆེན་གསུམ་དུ་འབབ་པ་དགུན་ཁར་ཁ་བ་རྒྱ་མཚོའི་ངོས་ལས་རྨིད་ཉིས་སྟོང་བརྒྱད་བརྒྱ་ཡིས་མཐོ་བའི་རི་སྐེད་མན་ཆགས་པ་དང་འཁྱག་རུམ་རྨིད་ཆིག་འབུམ་ཆིག་ཁྲི་མཆེད་པས་རྫ་ཆུང་འདྲེས་པ་ཆེས་དམའ་རོང་དུ་མི་ཞུ་བ་ཡ་མཚན་དུ་སྣང་། ལོ་ལྟར་སྟོན་ཁ་བྱ་ཁྲུང་ལྷོ་ཕྱོགས་སུ་འཕུར་བའི་དུས་དེར་གནའ་ནས་ད་བར་བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན། ཀན་སུའུ་བཅས་ཀྱི་བོད་འབངས་མང་པོ་ཐག་རིང་ལམ་གྱི་དཀའ་བ་སྤྱད་དེ་གནས་མཇལ་དུ་འགྲོ།

        གཉན་པོ་གཡུ་རྩེ། གཉན་པོ་གཡུ་རྩེ་ནི། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་ཁོངས་ན་ཡོད་པའི་རི་བོ་ཞིག་ཡིན། རྒྱ་མཚོའི་ངོས་ལས་རྨིད་ལྔ་སྟོང་སུམ་བརྒྱ་དྲུག་ཅུ་ཡིས་མཐོ་བ་ཡོད། རི་རྩེ་མཐོ་ཞིང་མང་ལ། མཚེའུ་ཆེ་ཆུང་བརྒྱ་དང་བརྒྱད་མིག་མངས་ལྟར་བཀྲ་བ་ངོ་མཚར་བའི་ནགས་ལྗོངས་ཀྱིས་ཁོར་ཡུག་ཀུན་ནས་མཛེས་པར་མ་ཟད། ཚན་རིག་པས་ད་ལྟའང་དཔག་དཀའ་བར་གྱུར་པའི་རང་བྱུང་གི་གསང་རྒྱ་དམ་པོ་ཞིག་རི་རྩེའི་སྤྲིན་རུམ་ན་མཆིས་པ་ནི་ཀུན་གྱིས་ངོ་མཚར་བའི་ཡུལ་དུ་བྱེད་པ་ཡིན།ངག་རྒྱུན་དུ་རི་བོ་དེའི་ཤར་ལྷོ་ནུབ་བྱང་དང་མདུན་སྒོའི་གཡས་གཡོན་སོགས་ན་གནས་སྲུང་རེ་ཡོད།  མདུན་སྒོའི་གཡོན་ཕྱོགས་ནི་ལྷ་གཡག་དཀར་པོ་དང་། གཡས་ནི་རྒྱ་སྟག་དམར་པོ། གཞན་རྣམས་རེ་རེ་ལ་མིང་རེ་ཡོད་པ་དང་། རི་བོ་དེ་ནི་མགོ་ལོག་ས་ཁུལ་གྱིས་བཀུར་བའི་གཞི་བདག་གཉན་པོ་གཡུ་རྩེའི་གནས་རི་ཡིན།དེ་ཡང་བཤད་རྒྱུན་ལ། གཉན་པོ་གཡུ་རྩེས་རང་གི་དྲིན་ལན་འཇལ་ཕྱིར། རང་གི་སྲས་མོ་རྔོན་པ་མདའ་རྩལ་རྫོགས་པ་ཞིག་ལ་ཆུང་མར་བྱིན་པ་ལས་སྲས་གསུམ་འཁྲུངས་པ་སྟེ། དབང་ཆེན་འབུམ་དང་། ཨ་སྐྱོང་འབུམ། པདྨ་འབུམ་བཅས་ཡིན་ལ། དེ་དག་གི་རྒྱུད་འཕེལ་བ་ལས་མགོ་ལོག་འབུམ་པ་ཁག་གསུམ་བྱུང་བར་གྲགས།གཉན་པོ་གཡུ་རྩེའི་ས་དེར་《གེ་སར་སྒྲུང་》དང་འབྲེལ་བའི་རྗེས་ཤུལ་མང་པོ་ཡོད་པས། མགོ་ལོག་མི་དམངས་ཀྱི་ལྷ་སྒྲུང་དང་། གཏམ་རྒྱུད། དམངས་གླུའི་འབྱུང་ཁུངས་གཙོ་བོ་ཞིག་ཡིན། །