རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
བདེ་ཆེན་གྱི་ཤིང་པར་ལག་རྩལ་ནི་2017ལོའི་ཟླ་6པའི་ཚེས་2ཉིན་དུ་ཡུན་ནན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་ཁག་བཞི་པའི་འཐུས་ཚབ་རང་བཞིན་གྱི་རྣམ་གྲངས་མིང་ཐོ་ཞེས་མིང་བཏགས་ནས་ཡོངས་བསྒྲགས་བྱས་པ་རེད།
བདེ་ཆེན་བོད་རིགས་ཀྱི་སྲོལ་རྒྱུན་ཤིང་པར་ལག་རྩལ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འཇོལ་རྫོང་། འབའ་ལུང་རྫོང་སོགས་ས་གནས་ཀྱི་བོད་ཡུལ་དུ་བརྒྱུད་ཡོད་ལ། མིག་སྔར་བོད་ཀྱི་སྲོལ་རྒྱུན་ཤིང་པར་ལག་རྩལ་གཙོ་བོར་སེམས་ཀྱི་ཉི་ཟླ་པར་ཁང་དང་ཁུལ་ཡོངས་ཀྱི་དགོན་པ་དང་གྲོང་སྡེ་འགར་རྒྱུད་འཛིན་བྱས་ཡོད་པ་རེད།
བོད་ཀྱི་ཤིང་པར་ལག་རྩལ་ནི་དུས་རབས་8པའི་སྔོན་དུ་དར་བ་ཡིན་ལ། དུས་རབས་13པར་སྔོན་ཐོན་གྱི་ཤིང་པར་ལག་རྩལ་བོད་ཡུལ་དུ་དར་ཁྱབ་བྱུང་། དུས་རབས་16པར་ཐུ་བྷོའི་སྟོབས་ཤུགས་བདེ་ཆེན་དུ་ཉམས་ནས། བདེ་ཆེན་ཡོངས་སུ་ས་དམ་མུའུ་རིགས་ཡུལ་དཔོན་གྱིས་བཙན་བཟུང་། སྤྱི་ལོ་1608ལོར། མུའུ་རིགས་ཡུལ་དཔོན་དེས་དཀར་མ་པའི་ཞྭ་དམར་རྒྱུད་ཀྱི་བླ་སྤྲུལ་སྐུ་ཕྲེང་དྲུག་པ་ངག་དབང་དབང་ཕྱུག་གིས་ས་དམ་དུ་བཀའ་འགྱུར་པར་རྒྱག་པའི་བསམ་འཆར་དང་ལེན་བྱས་ཏེ། ཡང་ཐང་ཁམས་གསར་དགོན་གྱིས་ཤིང་པར་བརྐོས་བ་རེད། སྤྱི་ལོ་1621ལོའི་ཟླ་8པའི་བར་དུ། བཀའ་འགྱུར་ཤིང་པར་དེ་བརྐོས་ཚར་ནས་ཁམས་གསར་དགོན་དུ་ཉར་ཡོད་ལ། པར་མ་དེ་ནི་བོད་ཡུལ་གྱི་ཆེས་སྔ་བའི་བཀའ་འགྱུར་ཤིང་བརྐོས་པར་མ་ཡིན།
པར་བརྐོ་དུས་སྔོན་ཆེ་ཕྱིར་ཆུང་དང་སྔོན་གཏིང་ཟབ་ཕྱིར་གཏིང་ཐུང་། སྔོན་སྦོམ་ཕྱིར་ཕྲ་ཡི་གོ་རིམ་ལྟར། སྔོན་སྲུབས་ཆེན་བཟོ་བ་དང་དེ་ནས་ཟབ་མོར་བརྐོ་དགོས། དབྱངས་བཞི་སོགས་བརྐོ་དུས་སྔོན་ཤིང་ཐོག་ཆུ་གཏོང་དགོས་པ་དང་། ཤིང་ངོས་ཅུང་སྐམ་དུས་བརྐོ་དགོས་རེད། འདི་ལྟ་བུའི་ཡུན་རིང་ཞིབ་ཚགས་ཀྱིས་བརྐོ་བ་དང་། པར་ཤིང་གི་དཔྱད་གཞི་འདེམས་སྡུད། དེ་མིན་རྗེས་མའི་ཟུར་འཇོག་སོགས་བྱས་ནས་ལོ་ངོ་བརྒྱ་ལྷག་ཉར་ཆོག་པའི་པར་མ་ཐོབ་པ་རེད། པར་ཤིང་བརྐོ་ཚར་བའི་སྔོན་དུ་ཞུ་དག་ཐེངས་བཞི་བྱེད་དགོས་པ་དང་། པར་ཤིང་མི་ནོར་བའི་སྔོན་འགྲོའི་ཆ་རྐྱེན་འོག་པར་མའི་སྤུས་ཀ་འགན་ལེན་བྱེད་དགོས་རེད།
པར་རྒྱག་དུས་མི་གཉིས་ཀྱིས་མཉམ་ལས་བྱས་དགོས་ཏེ་གཅིག་གིས་པར་ཤིང་ཐོག་སྣག་བྱུག་པ་དང་ཤོག་བཞག་པ། གནས་ཐིག་གཏན་ཁེལ་བྱེད་དགོས་པ་དང་། མི་གཞན་ཞིག་གིས་ཤོག་སྟེར་རྗེས་རས་འགྲིལ་གྱིས་ཤོག་ངོས་སུ་གོང་ནས་འོག་བར་འགྲིལ་དགོས། འདི་ལྟར་རེས་འཁོར་བྱས་ནས་པར་རྒྱག་པ་དང་སྤྱོད་ཚར་རྗེས་པར་མ་བཀྲུས་ཏེ་མར་བྱུག་ནས་བཞག་དགོས་པ་རེད།