རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སྔོ་ཤོད་གྲོང་སྡེ་ནི་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྐད་ཚགས་ཤང་དུ་ཡོད་ལ། སྔོན་ཆད་ཀུན་གྱི་བག་ཆགས་སུ་ས་གནས་དེ་ནི་ཤིན་ཏུ་དབུལ་ཕོངས་ཡིན། ཡིན་ནའང་། ཉེ་བའི་ལོ་འགའི་རིང་དུ། སྔོ་ཤོད་གྲོང་སྡེ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཕྱུགས་ལས་དར་འཕེལ་གཏོང་བའི་ས་གནས་གཙོ་བོར་གྱུར་ཡོད་པ་དང་། གྲོང་སྡེ་ནང་གི་དུད་ཚང་60ལྷག་གིས་ཕྱུགས་མང་པོ་གསོ་ཡོད་པ་རེད།
དབྱར་ཁར། སྔོ་ཤོད་གྲོང་གི་གྲོང་མི་རྣམས་ཀྱིས་ཕྱུགས་ཚོགས་རི་ཐོག་འདེད་བ་དང་། མེ་ཏོག་སྣ་ཚོགས་དང་སྨན་རྩྭ་སོགས་ནི་ཕྱུགས་ཚོའི་ཟས་སུ་གྱུར་བས། དེ་ལས་བྱུང་བའི་འོ་མས་བཟོ་བའི་མར་ནི་འཚོ་བཅུད་མང་པོ་ལྡན་ལ། སྔོན་ཆད་འགྲིམ་འགྲུལ་སྟབས་མི་བདེ་བའི་དབང་གིས། སྔོ་ཤོད་གྲོང་གི་མར་ནི་ཕྱིར་འཚོང་མི་ཐུབ་པ་མ་ཟད། ཐ་ན་མི་འགས་སྔོ་ཤོད་མར་གྱི་མིང་ལ་ཁ་གཡེང་ནས་སྤུས་ཞན་པའི་མར་འཚོང་འདུག
2012ལོར། ས་གནས་དེ་གའི་མར་གྱི་སྤུས་རྟགས་བཞེངས་སྐྲུན་བྱེད་པའི་ཆེད་དུ། སྔོ་ཤོད་གྲོང་སྡེས་དུད་ཚང་60ལྷག་ལ་སྐད་ཚགས་ཤང་སྔོ་ཤོད་གྲོང་དང་དུད་ཚང་གི་སྒོ་བྱང་ཨང་རྟགས་ཡོད་པའི་ཐམ་ག་གཏོང་བ་དང་། མར་ཀུན་ལ་ཐོན་སྐྱེད་པའི་ཆ་འཕྲིན་རྒྱག་ཡོད་པ་རེད།
ལོ་གཅིག་གི་སྔོན་དུ། སྔོ་ཤོད་གྲོང་དང་གནམ་གྲུབ་ཚོང་ཁང་གིས་མཉམ་ལས་ཁང་འཛུགས་པ་དང་། ཚོང་ཁང་དེས་ཟླ་བ་རེར་གྲོང་སྡེར་མར་ཉོ་སྒྲུབ་ཐེངས་རེ་བྱས་ནས་སེམས་ཀྱི་ཉི་ཟླ་གྲོང་ཁུལ་དུ་འཚོང་པ་རེད།
མཉམ་ལས་ཁང་གིས་མར་སྒོ་རེར་སྒོར་130སྟེར་ནས་ཉོ་སྒྲུབ་བྱས་ཡོད་པ་དང་། དུད་ཚང་དག་གིས་ལོ་རེར་མང་ན་མར་སྒོ་བདུན་བརྒྱ་བརྒྱད་བརྒྱ་འཚོང་བ་དང་ཉུང་མཐའ་ཡང་མར་སྒོ་ཉིས་བརྒྱ་གསུམ་བརྒྱ་འཚོང་ཡོད་པས། སྔོན་ལས་བསྡུར་ན་ཡོང་འབབ་འཕར་ཡོད་པ་རེད།