རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-10   རྩོམ་ཁུངས།   
ཟླ་11པའི་ཚེས་འགོར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྐད་ཚགས་ཤང་གི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3000ཡོད་པའི་ས་ཁུལ་དུ་ཁ་བ་ལྷབ་ལྷུབ་བབས་བྱུང་། ང་ཚོས་རླངས་འཁོར་བསྐོར་ནས་གངས་རི་བརྒལ་བ་དང་གཏེར་མ་རོང་ཤང་དུ་སླེབས་བྱུང་། གངས་རིའི་ཉག་ཁ་དང་སྤྱི་ལེ་ལྔ་ཡི་བར་ཐག་ཡོད་པའི་གཞུང་ལམ་གྱི་ཉེ་འགྲམ་ན། ཁང་པ་ཆུང་ཆུང་ཞིག་ཡོད་པ་མཐོང་བ་དང་ རྒྱུས་ལོན་བྱས་པ་ན་དེའི་ནང་དུ་ནགས་སྲུང་བ་གཉིས་གནས་སྡོད་བྱེད་ཡོད། ཁོང་རྣམ་པ་གཉིས་ཀྱིས་ཉེ་འཁོར་གྱི་ནགས་རི་ལ་བདག་སྐྱོང་བྱེད་བཞིན་ཡོད་པ་རེད།
ཁོང་གཉིས་ནི་སྐད་ཚགས་ཤང་ཝུན་ཧྲོས་གྲོང་ཚོའི་གདན་ཞུས་བྱས་པའི་ནགས་སྲུང་བ་བསྟན་འཛིན་འཕྲིན་ལས་དང་ཚེ་སྒྲུབ་སྒྲོལ་མ་གཉིས་ཡིན་ལ། གཉིས་ཀ་ལོ60ལྷག་ལ་ཐོན་ཡོད། ལོ་ངོ་མང་པོའི་རིང་ཁོང་གཉིས་གནས་འདིར་བསྡད་ནས་ཉིན་མ་རེ་རེར་ཀྱག་ཀྱོག་གི་རི་ལམ་ནས་རི་སྐོར་བྱས་ཏེ་ནགས་སྲུང་ཡོད།
རི་སྐོར་ལས་ཀ་ནི་བཤད་ན་སྟབས་བདེ་ཡང་། བསྒྲུབ་དུས་དཀའ་ངལ་ཆེ་དང་སྟོབས་ཤུགས་ཟད་པའི་ལས་ཀ་ཞིག་ཡིན། ཁོ་གཉིས་ཉིན་མ་རེ་རེར་རི་མགོ་སོང་ནས་ཐེངས་གཉིས་ལ་རི་སྐོར་བྱེད་ཀྱི་ཡོད་པ་དང་། ཐེངས་མ་རེ་རེར་རྟེན་གཞི་ནས་འགོ་བརྩམས་ཏེ་གངས་རིའི་ཉག་ཁའི་བར་དུ་བསྐྱོད་པ་དང་། དེ་ནས་རི་ལ་བསྐོར་བ་བརྒྱབ་སྟེ་ཕྱིར་རང་གནས་སུ་ལོག་གི་ཡོད། འགྲོ་ཐེངས་གཅིག་ལ་ཕལ་ཆེར་དུས་ཚོད་གཉིས་ཡས་མས་དགོས་ཀྱི་འདུག ལམ་བར་དུ་སྲོག་ཆགས་རྔོན་ཡོད་མེད་དང་། ཤིང་སྡོང་བཅད་ཡོད་མེད་ཀྱི་གནས་ཚུལ་ལ་བརྟག་དགོས་པ་དང་། ཡང་ཤིང་ཆ་ལྐོག་འདྲེན་བྱས་ཡོད་མེད་ཀྱི་གནས་ཚུལ། ད་དུང་མེ་སྐྱོན་བྱུང་ཡོད་མེད་གནས་ཚུལ་བཅས་ལ་བལྟ་དགོས། གལ་ཏེ་བདེ་འཇགས་སྐོར་གྱི་གནས་ཚུལ་གསལ་རྟོགས་བྱུང་བ་ཡིན་ན་སྐབས་ཐོག་ཏུ་སོང་ནས་བཀག་འགོག་གམ་ཡང་ན་སྙན་སེང་ཡང་ཞུ་བྱེད་དགོས། གནས་འདི་ནས་ལས་ཀ་སྒྲུབ་ན་ངལ་དུབ་བྱུང་སླ་ཞིང་དཀའ་སྡུག་ཆེ་ན་ཡང་། ཁོང་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་རང་གི་འགན་འཁྲི་དང་ཀུན་སློང་གཙང་མ་བརྟན་སྲུང་བྱས་ཡོད།
བསྟན་འཛིན་འཕྲིན་ལས་ཀྱིས་ནགས་རི་ནི་ས་གནས་འདི་གའི་མི་རྣམས་འཚོ་སྡོད་བྱེད་སའི་འགན་སྲུང་ཡིན། སྔོན་ཆད་ཡིན་ན། ཤིང་གཅོད་པ་དང་། རི་དྭགས་རྔོན་པ། ཤ་མོ་འཐུ་བ་སོགས་ལ་བརྟེན་ན་ཟ་མ་དང་དཔལ་འབྱོར་གྱི་ཡོང་སྒོ་འཚོལ་ཐུབ་ཀྱི་ཡོད། ཡིན་ན་ཡང་ཚད་མི་འདྲ་བའི་སྒོ་ནས་ནགས་ཚལ་གྱི་ཐོན་ཁུངས་ལ་གཏོར་བརླག་ཐེབས་ཀྱི་འདུག ད་ལྟའི་དུས་ལ་སྔར་བཞིན་ནགས་རི་ལ་བརྟེན་དགོས་ཀྱི་འདུག དབྱར་རྩྭ་དགུན་འབུ་དང་། བེ་ཤ་སོགས་ཀྱིས་གྲོང་མིའི་རྣམས་ལ་ཁེ་ཕན་མང་པོ་ཞིག་བསྐྱལ་ཡོང་གི་འདུག འདི་ནི་ནགས་རིས་ང་ཚོ་ལ་བསྩལ་བའི་བཀའ་དྲིན་རེད། དེའི་རྐྱེན་གྱིས་ངེས་པར་དུ་ནགས་རི་ལ་སྲུང་སྐྱོབ་བྱེད་དགོས། ཐོན་ཁུངས་ནི་ང་ཚོའི་མི་རབས་འདི་ཁོ་ན་ལ་དབང་བ་ཙམ་མ་མིན་པར། རང་གི་བུ་རབས་ཚ་རྒྱུད་ཀྱི་ཆེད་དུ་ཡང་བསམ་གཞིགས་རྣམ་ལ་ཞིག་བྱེད་དགོས་ཞེས་བཤད་བྱུང་། བསྟན་འཛིན་འཕྲིན་ལས་ལ་འགན་འཁྲིའི་འདུ་ཤེས་ཡོད་པས། གྲོང་མི་རྣམས་ཀྱིས་མགྲིན་གཅིག་ཏུ་ཁོ་རང་ས་གནས་དེ་གའི་ནགས་སྲུང་བར་བདམས་ཡོད། ལས་ཐེངས་གཅིག་ལ་ལོ་ངོ་བཞི་ལྷག་ཡུན་གྱིས་འགོར་སོང་། ལོ་རེ་རེའི་ལོ་གསར་དང་དམིགས་བསལ་གྱི་དོན་ཏག་ལ་འཕྲད་ཚེ་གཞན་གྱིས་ལས་རེས་ཀྱི་འགན་འཁུར་བ་མ་གཏོགས། རྒན་པོ་ཁོང་གིས་འགྱོད་པ་དང་སུན་སྣང་མེད་པར་གནས་འདིར་བསྡད་ནས་ནགས་སྲུང་བའི་ལས་ཀ་སྒྲུབ་བཞིན་ཡོད།
གངས་རིའི་གཏིང་རུམ་དུ་སྡོད་པའི་ནགས་སྲུང་བས་ཉིན་ལ་མཚན་མཐུད་ནས་ལས་ཀ་ཞིག་བསྐྱར་ཟློས་ཀྱིས་སྒྲུབ་བཞིན་ཡོད་པ་དང་། ཁོ་ཚོས་ལོ་ངོ་དུ་མའི་རིང་སུན་སྣང་དང་འདྲོགས་ནས་རང་གི་བརྩེ་བ་དང་འགན་འཁུར་ནགས་རི་ལ་བཅོལ་བས་མི་མང་པོ་ཞིག་གིས་ཁོ་ཚོའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་ཞིག་བྱུང་ཐུབ་མེད། ཡིན་ན་ཡང་ཁོ་ཚོ་ནི་དངོས་ནས་སེམས་ལ་དྲན་འོས་པ་དང་བསྟོད་བསྔགས་བྱེད་པའི་ཡུལ་དུ་ངེས་ཏེ། རྒྱུ་མཚན་ནི་ཁོ་ཚོའི་ཕྲག་སྟེང་ན་མི་རབས་ཚ་རྒྱུད་ལ་བཞག་པའི་རི་སྔོ་ཆུ་དྭངས་ཀྱི་འགན་འཁུར་གཙང་མ་ཞིག་བསྣམས་ཡོད་པས་རེད།